དེ་རིང་མཛོ་རྒན་རྭ་བར་ནས་གཅིག་སྒྲིལ་བར་གྱི་མྱུར་ལམ་དངོས་སུ་ཤར་གཏོང་བྱས་པ།

ལམ་དེ་ནི་ཤིན་ཅིང་དང་མཚོ་སྔོན། སི་ཁྲོན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་པོའི་ནུབ་བརྒྱུད་མངའ་ཁོངས་ཀྱི་དཔལ་འབྱོར་ལམ་ཆེན་ཞིག་དང་།  རང་ཞིང་གི་མགོ་ལོག་དང་། ཡུལ་ཤུལ།  མཚོ་ནུབ་བཅས་མི་རིགས་གྲངས་ཉུང་གི་རང་སྐྱོང་ས་ཁུལ་གསུམ་གྱི་འགྲོ་འོང་སྟབས་བདེར་བཀོད་པའི་གཞུང་ལམ་གཙོ་བོ་ཞིག   མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་ལ་རྫོགས་ཚིག་བཀོད་པའི་མཚོན་བྱེད་རང་བཞིན་གྱི་ལས་གཞི་ཞིག་རེད།

མཛོ་རྒན་རྭ་བར་ནས་གཅིག་སྒྲིལ་བར་གྱི་མྱུར་བགྲོད་གཞུང་ལམ་དེ་ནི་ལམ་བསྐྲུན་པ་ཁྲི་ལྷག་གིས་ལོ་ངོ་བཞིའི་རིང་ལ་ལྗང་མདོག་འཁོར་རྒྱུག་དང་ཐཱན་ཉུང་གི་འཛུགས་སྐྲུན་དགོངས་གཞི་ལྟར་དུ་དཀའ་བ་དུ་མ་ཁྱད་དུ་བསད་མཐར། ལེ་དབར་༣༨༩ཡོད་པའི་འགྲོ་འོང་ལམ་ཆེན་ཟུང་གི་རྨང་གཞི་དང་ལམ་ངོས།  ཟམ་པ༢༢༤། ཕུག་ལམ༩།  དེ་མིན་དེ་འབྲེལ་གྱི་འགྲིམ་འགྲུལ་སྒྲིག་ཆས་ལས་གཞི་སྐོར་གྱི་ཨར་ལས་ལས་འགན་འབོར་ཆེན་བཅས་ཡོངས་སུ་གྲུབ་ཏེ། དེ་རིང་སྟེ་སྤྱི་ཟླ༡༡པའི་ཚེས༡༣ཉིན་གྱི་ཉིན་གོང་གི་ཆུ་ཚོད༡༢ཐོག་ལམ་ཡོངས་དངོས་སུ་ཤར་གཏོང་བྱས་པ་རེད།

མྱུར་བགྲོད་གཞུང་ལམ་དེ་ཤར་གཏོང་བྱུང་རྗེས།  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྟ་བོར་གྲོང་རྡལ་ནས་ལམ་དུ་ཆས་ནས་ཁྲེང་ཏུའུ་ལ་བསྐྱོད་པ་ཡིན་ན་ཆུ་ཚོད་བདུན་ཙམ་ཀྱིས་ཐོན་ཐུབ་པ་དང་།  ཕྱིན་ཆད་རྟ་བོར་གྲོང་རྡལ་ནས་གཏེར་ལམ་བར་ལ་ཡང་ཆུ་ཚོད་བཞི་ལས་མི་དགོས་པ་སྟེ། སྔོན་ཆད་ཡིན་ན་ཆུ་ཚོད༡༢དགོས་པ་རེད། ན་གོར་མོའི་བར་དུ་ཆུ་ཚོད་དྲུག་ལས་མི་དགོས་ཏེ་དེ་སྔ་ཉིན་གཅིག་གི་ཆུ་ཚོད་དགོས་པ་རེད། ཡུལ་ཤུལ་གྲོང་ཁྱེར་བར་དུ་དེ་སྔ་ཆུ་ཚོད༡༢དགོས་ལ། ད་ནི་ཆུ་ཚོད༦ལས་མི་དགོས་པར་ནུབ་རྒྱུད་ཡུལ་ལུང་ཁག་བར་གྱི་ལམ་ཐག་ཇེ་ཉེ་རུ་བཏང་ཡོད་པ་རེད།  

ལོ་ཙཱ་བ། ཁོན་ཐར་འཚོ།