དུས་བརྒལ་སྨན་རྫས་དུས་ལྟར་གཙང་སེལ་བྱས་ཏེ། ཕྱིར་ཁྲོམ་རྭར་ཤོར་ནས་སྤྱི་དམངས་ཀྱི་བདེ་ཐང་ལ་གནོད་འཚེ་ཐེབས་པ་སྔོན་འགོག་བྱེད་དགོས།

ཞིན་ཧྭ་གསར་འགྱུར་ཁང་གི་པེ་ཅིན་ནས་བཏང་བའི་གློག་འཕྲིན་ལྟར་ན། དུས་བརྒལ་ཟས་རིགས་ནི་ཟ་མི་རུང་བའི་རྒྱུན་ཤེས་དེ་སྤྱི་ཚོགས་ཧྲིལ་བོར་ཆ་རྒྱུས་ཡོད་མོད། ཡིན་ཡང་དུས་ཡུན་བརྒལ་བའི་སྨན་རྫས་འཐུང་ཆོག་གམ་ཞེ་ན། ཉེ་ལམ། པེ་ཅིན་ཧྥུན་ཐའེ་རུ་སྤེལ་བའི་རྒྱལ་ཡོངས་ཀྱི་བདེ་འཇགས་སྨན་རྫས་བེད་སྤྱོད་བྱས་ཏེ་མཛུབ་ཁྲིད་སྨན་པ་ནམ་ཡང་རང་གི་ཉེ་འཁོར་དུ་ཡོད་པ་བྱེད་དགོས་ཞེས་པའི་བྱ་འགུལ་ཁྲོད། ཆེད་མཁས་པས་ང་ཚོས་གསལ་འདེབས་བྱེད་རྒྱུར། དུས་ཡུན་བརྒལ་བའི་སྨན་རྫས་ལ་ཞོར་སྐྱོན་གྱི་དུག་རྫས་ཚབས་ཆེ་ཞིང་གྲོང་ཁྱེར་དུ་སྡོད་པའི་མི་རྣམས་ཀྱི་ཁྱིམ་དུ་དུས་ཡུན་བརྒལ་བའི་སྨན་རྫས་ཡོད་ན་དུས་ལྟར་གཙང་སེལ་བྱེད་རྒྱུ་ལས། འཐུང་བའམ་ཁྲོམ་ར་སོགས་ལ་གཏན་ནས་ཤོར་དུ་འཇུག་མི་རུང་ཟེར།

ད་ལོ་རྒྱལ་ཡོངས་ཀྱི་བདེ་འཇགས་སྨན་རྫས་བཀོལ་བའི་བྱ་འགུལ་དེ་ཟླ10བའི་ཚེས10ཉིན་པེ་ཅིན་ནས་དངོས་སུ་སྤེལ་བ་དང་། བྱ་འགུལ་དེར་རྒྱལ་ཁབ་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ལག་བསྟར་སྨན་པའི་ཐོབ་ཐང་ངོས་འཛིན་ལྟེ་གནས་དང་པེ་ཅིན་གྲོང་ཁྱེར་ཧྥུན་ཐའེ་ས་ཁུལ་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ། ཀྲུང་གོ་དཔལ་འབྱོར་དྲ་བ་སོགས་ཀྱིས་མཉམ་འབྲེལ་སྒོས་སྤེལ་བ་ཞིག་ཡིན།

མཛེས་སྡུག་གི་འཚོ་བ་དེ་བདེ་ཐང་དང་བྲལ་ཐབས་མེད་ལ། བདེ་ཐང་འཚོ་བ་ཡང་བདེ་འཇགས་སྨན་རྫས་དང་བྲལ་ཐབས་མེད་ཞེས་རྒྱལ་ཁབ་ཟས་རིགས་སྨན་རྫས་ལྟ་སྐུལ་སྤྱི་ཁྱབ་དོ་དམ་ཅུའུ་རྒྱལ་ཁབ་ཟས་རིགས་སྨན་རྫས་ལྟ་སྐུལ་ཆེད་མཁས་པ་ལིས་ཧའེ་ཅོན་གྱིས་བསྟན་པ་རེད། སྨན་རྫས་དང་ཚན་རིག་ཤེས་བྱ་གང་མང་ཞིག་དུས་ལྟར་ཚད་གཞི་ཡོད་པའི་སྒོ་ནས་བསྟེན་དགོས་ཤིང་། མི་སྒེར་ཁོ་ནའི་ཉམས་མྱོང་དང་ངོས་འཛིན་སྟབས་བདེའི་སྒོ་ནས་གང་འདོད་དུ་སྨན་བསྟེན་མི་རུང་བར་ཆེད་ལས་མི་སྣའི་མཛུབ་སྟོན་ངེས་པར་དུ་དགོས་པ་རེད།

དུས་ཡུན་བརྒལ་བའི་སྨན་རྫས་ལ་གནོད་པ་ཚབས་ཆེ་བས། དུས་ལྟར་གཙང་སེལ་བྱེད་དགོས་ཞེས་པེ་ཅིན་གྲོང་ཁྱེར་ཧྥུན་ཐའེ་ས་ཁུལ་ཟས་རིགས་སྨན་རྫས་ལྟ་སྐུལ་ཅུའུ་ཡི་ལས་བྱེད་མི་སྣས་ངོ་སྤྲོད་བྱས་བྱུང་། དེ་ཡང་དུས་ཡུན་བརྒལ་བའི་སྨན་རྫས་ལ་ཞོར་སྐྱོན་གྱི་དུག་ནུས་ཧ་ཅང་ཆེ་ཞིང་། སྨན་རྫས་ཀྱི་ཕན་ནུས་ཇེ་དམའ་རུ་འགྲོ་བ་རེད། གྲོང་ཁྱེར་གྱི་སྡོད་དམངས་ཁྱིམ་དུ་དུས་ཡུན་བརྒལ་བའི་སྨན་རྫས་དེ་དུས་ལྟར་གཙང་སེལ་མ་བྱས་པར་འཐུང་ནོར་ཐེབས་ན་སྨན་བཅོས་ཀྱི་ནུས་པ་ཐོབ་དཀའ་བ་མ་ཟད། ཐ་ན་མིའི་ཚེ་སྲོག་ལ་ཡང་གནོད་འཚེ་ཐེབས་ངེས། དུས་མཉམ་དུ་གལ་ཏེ་མི་ཞིག་གིས་དུས་ཡུན་བརྒལ་བའི་སྨན་རྫས་སོགས་མི་གཞན་པར་བཙོངས་ནས་ཁྲིམས་འགལ་གྱིས་ཡང་བསྐྱར་ཁྲོམ་ར་སོགས་ལ་ཤོར་བ་ན་དེས་སྤྱི་དམངས་ཀྱི་བདེ་ཐང་དང་ཐ་ན་ཚེ་སྲོག་གི་བདེ་འཇགས་ལ་ཡང་གནོད་འཚེ་ཚབས་ཆེན་ཐེབས་སྲིད།

དེས་ན་དུས་ཡུན་བརྒལ་བའི་སྨན་རྫས་དེ་དག་ཇི་ལྟར་ཐག་གཅོད་བྱེད་དགོས་སམ་ཞེ་ན། བྱ་འགུལ་གྱི་ཉིན་དེར། ལས་ཁུངས་དེའི་ལས་བྱེད་མི་སྣས་ཡུལ་དངོས་སུ་གཞིས་ཁུལ་དེར་དུས་ཡུན་བརྒལ་བའི་ཕྱིར་བསྡུ་བའི་སྒམ་ཆུང་བཞག་ནས་དུས་ཡུན་བརྒལ་བའི་སྨན་རྫས་ཕྱིར་བསྡུ་བྱེད་པའི་གོ་རིམ་ལ་སྐུལ་འདེད་བྱས།

ལོ་ཙཱ་བ། ལྷ་དཔལ་སྐྱབས།