ཞིང་ཆེན་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་གཅིག་བསྡུས་ཀྱིས་སྙིགས་སྣུམ་བཅོས་སྐྱོང་བྱེད་པའི་ལས་འགུལ་མགོ་བརྩམས་པ།

ཉེ་སྔོན།   གསར་འགོད་པས་ཞིང་ཆེན་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན།   ཟས་ཅོག་སྟེང་ནས་སྙིགས་སྣུམ་བཀོལ་སྤྱོད་བྱེད་པར་གཟབ་ནན་གྱིས་སྔོན་འགོག་བྱ་ཆེད་དང་ཟས་རིགས་བདེ་འཇགས་དང་མི་དམངས་མང་ཚོགས་ཀྱི་ལུས་ཕོང་བདེ་ཐང་ལ་འགན་ལེན་བྱ་ཆེད།  རང་ཞིང་གིས་ཟླ11པ་ནས་བཟུང་གཅིག་བསྡུས་ཀྱིས་སྙིགས་སྣུམ་བཅོས་སྐྱོང་བྱེད་པའི་ལས་འགུལ་ལག་བསྟར་བྱ་རྒྱུ་རེད། 2018ལོའི་ཟླ3པའི་བར་ལ་ཟས་རིགས་ཐོན་སྐྱེད་ཚོང་གཉེར་ཁྲོད་སྙིགས་སྣུམ་བཅོས་སྐྱོང་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ།  ཟས་རིགས་ཐོན་སྐྱེད་ཚོང་གཉེར་ཁྲོད་སྤུས་ལེགས་ཟས་སྣུམ་ཚོང་འདྲེན་ལམ་བུ་ཚད་ལྡན་དུ་གཏོང་ཐུབ་པར་འགན་ལེན་བྱ་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། རང་ཞིང་གིས་ཚོང་གཉེར་ལག་རྟགས་མེད་པའི་ཉོ་སྒྲུབ་བྱེད་ས་དང་ལས་སྣོན་བྱེད་ས་རྩ་བ་ནས་མེད་པར་གཏོང་རྒྱུ་རེད།  ས་ཁུལ་སོ་སོའི་མཁར་ཞང་འབྲེལ་གནས་དང་ཡུལ་སྐོར་ལྗོངས་ཁུལ།  བཟའ་བཏུང་ལས་རིགས་གཅིག་བསྡུས་ས་ཁུལ།    གཅིག་བསྡུས་ཚོང་ར་དང་སྡེབ་ཚོང་ཁང་སོགས་ཀྱི་ས་ཁུལ་དང་།   ས་ཁུལ་སོ་སོའི་ཟས་རིགས་ཐོན་སྐྱེད་བྱེད་སའི་ཟ་ཁང་ཆུང་བ་དང་རྫ་ཁོག་ཟ་ཁང་།   སློབ་གྲྭའི་ཟ་ཁང་།  ཁེ་ལས་དང་དོན་ལས་སྡེ་ཁག་གི་ཟ་ཁང་།  ལས་ཀ་གཉེར་སའི་ཟ་ཁང་སོགས་ཀྱི་གཅིག་བསྡུས་ཟ་ཁང་གཙོར་བཟུང་ནས་ཚོང་གཉེར་ལག་རྟགས་མེད་ན་རྩ་བ་ནས་མེད་པར་གཏོང་རྒྱུ་རེད།   ས་ཁུལ་སོ་སོས་སྙིགས་སྣུམ་ཉོ་སྒྲུབ་ལས་སྣོན་བྱེད་སའི་ལྟ་སྐུལ་དོ་དམ་ཇེ་དྲག་ཏུ་བཏང་སྟེ།  ཞིབ་ཚགས་ཀྱིས་སྒོ་ནས་ཁྲིམས་འགལ་གྱིས་སྙིགས་སྣུམ་ཐོན་སྐྱེད་བྱེད་སའི་ནག་ཚང་རྩད་ཞིབ་བྱས་ཏེ་མེད་པར་གཏོང་རྒྱུ་རེད།  སྙིགས་སྣུམ་ལས་སྣོན་བྱེད་པའི་རྒྱུ་ཆའི་ཡོང་ཁུངས་དང་ཚོང་ལམ་རྩད་ཞིབ་བྱས་ཏེ་སྤུས་ལེགས་ཟས་སྣུམ་ཉོས་པའི་ཟིན་ཐོ་དང་འཛིན་བྱང་ལ་རྟོག་ཞིབ་བྱེད་པ་སྔར་ལས་ཇེ་དྲག་ཏུ་གཏོང་རྒྱུ་རེད། གནད་དོན་རྙེད་ཚེ་མགོ་མཇུག་བར་གསུམ་དུ་རྟོག་ཞིབ་བྱས་ཏེ་ཚོང་གཉེར་དང་སྙིགས་སྣུམ་བཀོལ་སྤྱོད་བྱེད་པའི་ཟས་རིགས་ཐོན་སྐྱེད་ཚོང་གཉེར་ལས་ཁུངས་ལ་ཁྲིམས་ལྟར་ཐོན་སྐྱེད་དང་ཚོང་གཉེར་བྱེད་མཚམས་འཇོག་པ་དང་ཚོང་གཉེར་ལག་རྟགས་མེད་པར་བཟོ་རྒྱུ་རེད།  དོགས་ཡོད་ཉེས་ཅན་ཁྲིམས་ལྟར་སྲིད་ཁྲིམས་ལས་ཁུངས་ལ་བསྐྱལ་ཏེ་ཉེས་འགན་བདའ་འདེད་བྱེད་རྒྱུ་རེད།  ཁྲིམས་འགལ་གྱིས་ཚོང་གཉེར་བྱེད་ས་རྩ་བ་ནས་བཀག་སྡོམ་བྱས་ཏེ་འབྲེལ་ཡོད་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་བྱ་རྒྱུ་རེད།