གཞོང་ཐང་རྫོང་གིས་མཚོ་ཤར་གྱི་ཆེས་ཆེ་བའི་ཞིང་ལས་ཕྱོགས་བསྡུས་སྡེབ་ཚོང་ཚོང་ར་བསྐྲུན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་སྔོན། རང་ཞིང་གི་མཚོ་ཤར་གྲོང་ཁྱེར་གྱི་ཆེས་ཆེ་བའི་ཞིང་ལས་ཕྱོགས་བསྡུས་སྡེབ་ཚོང་ཚོང་ར་དང་གཞོང་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཁྲོན་ཡོན་ཞིང་ལས་ཕྱོགས་བསྡུས་སྡེབ་ཚོང་ཚོང་ར་བསྐྲུན་ཟིན་པ་དང་། སྔོན་དཔག་བྱས་པ་ལྟར་ན་ཟླ11པའི་ཟླ་མཇུག་དུ་ཚོད་ལྟའི་སྒོ་ནས་གཉེར་འགོ་ཚུགས་རྒྱུ་རེད།

ཁྲོམ་རའི་སྤྱིའི་མ་འཇོག་སྒོར་དུང་ཕྱུར1.2བྱས་ཡོད་པ་དང་། ས་ཁྱོན་སྤྱི་ཆིང་3.4ཡོད་ལ། 2015ལོའི་ཟླ5བ་ནས་འཛུགས་སྐྲུན་བྱས་པ་དང་། ཚོང་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་1.5ཡོད་པ་དང་། ཚོང་ཁང་300ལྷག་ཡོད། གཙོ་བོ་སྔོ་ཚལ་དང་ཤིང་ཏོག  འབྲུ་རིགས་དང་བཟའ་སྣུམ། བྱ་སྒོང་དང་ཤ་རིགས། ཆུའི་ཐོན་དངོས་རྫས་དང་སྲན་བཟོས་བཟའ་བཅའ། བྲོ་རྫས་དང་ཞོར་ཟས་སོགས་ཞིང་ལས་ཚོང་ཟོག་གཉེར་བཞིན་ཡོད་པ་དང་། སྡེབ་ཚོང་དང་སིལ་ཚོང་འཁྱགས་སྦྲེལ་ཟོག་འགྲེམས་བཅས་གཞི་གཅིག་ཏུ་འདུས་པའི་ཞིང་ཞོར་ཉོ་ཚོང་ཁྲོམ་ར་ཆེ་གྲས་ཤིག་ཡིན། དུས་མཚུངས་སུ། ཁྲོམ་རས་ད་དུང་གློག་རྡུལ་ཚོང་དོན་ལྟེ་གནས་དང་དེ་བཞིན་ཞིང་ལས་ཐོན་རྫས་ཤིང་ཏོག་དང་སྔོ་ཚལ་སོགས་མགྱོགས་མྱུར་ཞིབ་བཤེར་ཚད་ལེན་ལྟེ་གནས་སོགས་འཛུགས་སྐྲུན་བྱས་ཏེ།  ཞིང་ལས་ཐོན་རྫས་ཀྱི་ཉོ་ཚོང་འདུ་འགྲེམས་ཀྱི་ཟས་རིགས་བདེ་འཇགས་ལ་འགན་སྲུང་ལེགས་པོ་མཁོ་འདོན་བྱས་པ་དང་། དྲ་ཐོག་དང་དྲ་མེད་ཀྱི་རྒྱ་ཆེ་བའི་ཉོ་ཚོང་ལས་སྟེགས་བསྐྲུན་པ་དང་མང་ཚོགས་ཀྱིས་ཡིད་ཆེས་བྱེད་ཆོག་པའི་སྔོ་ཚལ་ཚོད་ལྟ་བྱེད་སའི་ཚོང་ཟོག་ཉོ་སྒྲུབ་བཟོ་གྲྭ་ཞིག་ཧུར་ཐག་གིས་སྐྲུན་བཞིན་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཁྲོམ་རས་ཚོང་འགྲུལ་པ་གཙོ་བོར་འཛིན་པ་དང་གཅིག་གྱུར་གྱིས་དོ་དམ་བྱེད་པའི་གཉེར་སྐྱོང་འདུ་ཤེས་སྤྱད་པ་དང་།  ཚོང་གཉེར་བར་གཅིག་གྱུར་གྱིས་དོ་དམ་དང་གཅིག་གྱུར་གྱིས་ཞབས་ཞུ་བྱས་ཏེ། ཚད་ལྡན་ཅན་གྱི་ཆེད་ལས་ཚོང་ར་སྐྲུན་གང་ཐུབ་དང་ཁོར་ཡུག་གཙང་སྦྲ་ལམ་ལུགས་འཛུགས་ཐུབ་ལ་བརྩོན་ལེན་བྱ་རྒྱུ་རེད། གཞན་ཡང་། ཚོང་རས་རྫོང་ཡོངས་ཀྱི་གནད་འཕིགས་དབུལ་སྐྱོར་ལས་དོན་ལ་གམིགས་ནས་ཚོང་ཁང་40གནད་འཕིགས་དབུལ་སྐྱོར་ཚོང་རར་སྒྱུར་ཏེ། ཚོང་གཉེར་གྱི་འདོད་མོས་ཡོད་པ་དང་ཡིག་ཚགས་བཟོས་པའི་ཁྱིམ་ཚང་དབུལ་བོ་དག་ལ་རིན་མེད་སྒོས་ཚོང་ཁང་འདོན་སྤྲོད་བྱས་པ་དང་། ཁོ་ཚོའི་གཉེར་སྐྱོང་གི་ཡོང་འབབ་མང་དུ་བཏང་བ་རེད།

  ཁྲོམ་ར་དེ་མཚོ་ཤར་གྲོང་ཁྱེར་གྱི་ཆེས་ཆེ་བའི་ཞིང་ལས་ཐོན་རྫས་སྡེབ་ཚོང་གཙོ་བོ་བྱེད་པའི་ཁྲོམ་ར་དང་གྲོང་ཁྱེར་དེའི་ཆེས་ཆེ་བའི་ཞིང་ལས་ཐོན་རྫས་ཉོ་ཚོང་འདུ་འགྲེམས་ལྟེ་གནས་ཡིན་པ་དང་། མང་ཚོགས་ཀྱི་དངོས་ཟོག་ཉོ་སྒྲུབ་ལ་སྟབས་བདེ་བཟོས་ཤིང་། གྲོང་ཁྱེར་གྱི་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ་བཅས་མི1000ལྷག་གི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།