ཝང་ཅན་ཅུན་གྱིས་མཛོ་རྒན་རྭ་བར་ནས་གཅིག་སྒྲིལ་བར་གྱི་མྱུར་ལམ་འཛུགས་སྐྲུན་ལ་རྟོག་ཞིབ་སྐབས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་གྱི་འགྲིམ་འགྲུལ་ལས་དོན་དེ་ཁྱོན་ཡོངས་ནས་གོང་དུ་སྤེལ་གཏོང་དགོས་པར་བསྟན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།སྤྱི་ཟླ11པའི་ཚེས13ཉིན།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅུན་གྱིས་མགོ་ལོག་ཁུལ་རྟ་བོར་ས་ཁུལ་གྱི་མཛོ་རྒན་རྭ་བར་ནས་གཅིག་སྒྲིལ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། ཁོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་ཟབ་མོ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་འཛིན་པ། རིགས་སོ་སོའི་མང་ཚོགས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་བའི་རེ་སྒུག་གསར་པར་བསྟུན་པ་བཅས་བྱས་ཏེ། མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་བཟང་པོ་དང་དོ་དམ་བཟང་པོ། འཁོར་སྐྱོད་བཟང་པོ་བཅས་བྱས་ཏེ་ཕན་འབྲས་སྔར་ལས་འདོན་སྤེལ་གང་ལེགས་བྱས་ཏེ། མི་རིགས་ས་ཁུལ་གྱི་མང་ཚོགས་ལ་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་དགོས་ཞེས་ནན་གྱིས་བསྟན་པ་རེད།

སྤྱིའི་རིང་ཚད་ལ་སྤྱི་ལེ་389ཡོད་པའི་མཛོ་རྒན་རྭ་བར་ནས་གཅིག་སྒྲིལ་བར་གྱི་མྱུར་བགྲོད་གཞུང་ལམ་ནི་རྒྱལ་ཁབ་ཀྱིས་འཆར་འགོད་བྱས་པའི་ཞིན་ཅང་དང་མཚོ་སྔོན། སི་ཁྲོན་བཅས་ཀྱི་གཞུང་ལམ་ཆེན་པོ་དང་། རང་ཞིང་གི་གཞུང་ལམ་གྱི་གྲུབ་ཆ་གལ་ཆེན་ཡིནཡང་ཡིན་པ་རེད། ཉིན་དེའི་སྔ་དྲོར། ཝང་ཅན་ཅུན་གྲང་ངར་གྱི་ཁྲོད་དུ་རྟ་བོར་ལམ་རིན་སྤྲོད་སར་སོང་ནས། མཛོ་རྒན་ར་བར་ནས་གཅིག་སྒྲིལ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འཛུགས་སྐྲུན་གནས་ཚུལ་དང་ལྟ་སྐུལ། ལག་རྩལ་ཞབས་ཞུ། ཉམས་གསོ། ལམ་སྲིད། ལམ་རིན། འགྲིམ་འགྲུལ་ཉེན་རྟོག་སོགས་ལས་ཁུངས་ཀྱི་ལས་བཟོ་པའི་འཐུས་མི་རེ་རེར་ལག་འཇུ་བྱས་ཏེ་ཁོ་ཚོར་བརྩེ་བའི་འཚམས་འདྲི་བྱས། ཝང་ཅན་ཅུན་གྱིས་བཤད་རྒྱུར། དེ་རིང་ངས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ཀྱི་ཚབ་བྱས་ཏེ་ཚང་མར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན། མཛོ་རྒན་རྭ་བར་ནས་གཅིག་སྒྲིལ་བར་གྱི་མྱུར་བགྲོད་གཞུང་ལམ་སྟེང་རླངས་འཁོར་སྐྱོད་པ་དེས་མགོ་ལོག་ལ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་རྫོགས་པར་བྱས་པ་དང་། རང་ཞིང་གི་གྲོང་ཁྱེར་དང་ཁུལ་ཡོངས་ལ་མྱུར་བགྲོད་གཞུང་ལམ་ཡོད་པའི་དམིགས་འབེན་མངོན་འགྱུར་བྱས་པས། དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཟེར། ལོ་རྒྱུས་མཇུག་རྫོགས་ས་ནི་མདུན་སྐྱོད་ཀྱི་ལམ་གསར་པ་ཞིག་ཏུ་སྐྱོད་འགོ་བརྩམས་པ་ཡང་ཡིན་པས། ཚང་མས་ཏང་གི་ཚོགས་ཆེན་བཅུ་དགུ་པས་བཏོན་པའི་རེ་བ་ལྟར། སྙིང་སྟོབས་ཆེར་སྐྱེད་དང་ཧུར་བརྩོན་གྱིས་འགོ་ཚུགས་ས་གསར་པའི་སྟེང་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་བཟང་པོ་དང་དོ་དམ་བཟང་པོ། འཁོར་སྐྱོད་བཟང་པོ་བཅས་བྱས་ཏེ། མྱུར་བགྲོད་གཞུང་ལམ་ལ་ཕན་འབྲས་སྔར་ལས་ཆེན་པོ་འདོན་དུ་འཇུག་དགོས་ཟེར།

རྟ་བོར་ལམ་རིན་སྤྲོད་ས་ནས།ཝང་ཅན་ཅུན་གྱིས་མཛོ་རྒན་རྭ་བར་ནས་གཅིག་སྒྲིལ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་གཅིག་བསྡུས་ལྟར་སྐུལ་དོ་དམ་དང་བདེ་འཇགས་འགན་སྲུང་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་པར་མ་ཟད།གསར་འགྱུར་སྨྱན་སྦྱོར་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་དྲ་རྒྱའི་འཛུགས་སྐྲུན་འཆར་འགོད་གནས་ཚུལ་ལ་ཉན་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།