མང་རྫོང་གིས་འགན་སྲུང་དབུལ་སྐྱོར་ལག་བསྟར་བྱས་ནས་ནུས་ལྡན་ངང་དབུལ་ཕོངས་བསྐྱར་ལོག་ཉེན་ཁ་ཇེ་དམའ་རུ་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།ཅི་ལྟར་ནུས་ལྡན་ངང་ཁ་གཏད་དབུལ་ཕོངས་ཁྱིམ་ཚང་གི་དབུལ་ཕོངས་བསྐྱར་ལོག་ཉེན་ཁ་ཇེ་དམའ་རུ་གཏོང་དགོས་ཟེར་ན།ད་ལོའི་བར།མང་རྫོང་གིས་རྫོང་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་གི་ཡིག་ཚགས་བྱང་བུ་བཟོས་ཡོད་པ་དག་འགན་སྲུང་ཁྲོད་ཞུགས་པར་ཁ་གཏད་དེ།ཁྱོན་ཡོངས་གནས་མི་ལུས་ཕྱོགས་བསྡུས་འགན་སྲུང་དང་ཕྱོགས་བསྡུས་འགན་སྲུང་དབུལ་སྐྱོར་དོན་འཁྱོལ་ཡོང་བར་བྱས་ནས།ཚོང་ལས་འགན་སྲུང་ནི་གནད་འཁེལ་དབུལ་སྐྱོར་ཁྱབ་ཁོངས་ཁྲོད་ཁ་གསབ་དང་རམ་འདེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན།མི་ལུས་འགན་སྲུང་ནི་བསམ་ཡུལ་ལས་འདས་པའི་དོན་རྐྱེན་དང་འབྲེལ་བ་ཆེན་པོ་ཡོད་ལ།བསམ་ཡུལ་ལས་འདས་པའི་དོན་རྐྱེན་གྱིས་དབང་བོ་སྐྱོན་ཅན་དུ་གྱུར་བ་དང་།བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཀྱི་སྨན་བཅོས།ནད་རིགས་ཀྱིས་སྲོག་ཤོར་བ།ནད་ལྕི་མོའི་སྨན་བཅོས་ཁ་གསབ་སོགས་དོན་ཚན་ཆེན་པོ་5འདུ་བ་རེད།མི་རེའི་ཆ་སྙོམས་འགན་སྲུང་དངུལ་སྒོར130ཡིན་པ་དང་།ཆེས་མཐོ་བའི་སྐྱིན་ཚབ་སྤྲོད་ཚད་སྒོར་ཁྲི8ཡིན་པ་རེད།རྒྱུ་ནོར་འགན་སྲུང་གཙོ་བོ་གསོ་སྤེལ་ལས་རིགས་དང་།འདེབས་འཛུགས་ལས་རིགས།སྡོད་ཁང་བཅས་རིགས་ཆེན་པོ་3གྱིས་དགར་ཡོད་ལ།ཕག་གསོ་བ་དང་།འོ་མ།ནས་ཆང་།སྣུམ་ཚོད།གྲོ།རྒྱ་སྲན།ཞོག་ཁོག་དང་སྲིད་ཇུས་རང་བཞིན་གྱི་ཞིང་སྡེ་སྡོད་ཁང་སོགས་དོན་ཚན་ཆེན་པོ་8ལ་ཁྱབ་ཡོད་པ་རེད།

ཕྱོགས་བསྡུས་འགན་སྲུང་དབུལ་སྐྱོར་བྱེད་ཐབས་ཆེན་མོ་གཉིས་ཁྱོན་ཡོངས་ནས་དོན་འཁྱོལ་ཡོང་བ་དང་།ནུས་ལྡན་ངང་དབུལ་ཕོངས་ཁྱིམ་ཚང་བསྐྱར་ལོག་བྱེད་པའི་ཉེན་ཁ་ཇེ་དམའ་རུ་བཏང་བ་དང་།ཁ་གཏད་དབུལ་ཕོངས་ཁྱིམ་ཚང་དབུལ་ཕོངས་ལས་ཐར་བའི་འགན་ཁུར་ཇེ་ཡང་དུ་བཏང་བ་རེད།མང་རྫོང་གིས་དབུལ་སྐྱོར་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣར་བཤད་རྒྱུར།ད་ནས་བཟུང་འགན་སྲུང་ལས་རིགས་ཀྱི་དགེ་མཚན་ལོངས་སུ་སྤྱད་དེ་དབུལ་སྐྱོར་རྣམ་པ་རྒྱུན་ཆད་མེད་པའི་སྒོ་ནས་གསར་གཏོད་བྱས་ཏེ།རྫོང་ཡོངས་ཀྱི་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པར་རྨང་གཞི་བཏིང་བ་ཡིན་ཟེར།

ལོ་ཙཱ་བ། ཤ་མོ་འཚོ།