སྙིགས་སྣུམ་གཅིག་བསྡུས་གྱིས་བཅོས་སྐྱོང་བྱེད་པའི་བྱེད་སྒོ་ཟླ11པ་ནས་བཟུང་མགོ་ཚུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལས།སྤྱི་ཟླ11པའི་ཚེས10ཉིན།གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན།སྙིགས་སྣུམ་འཁོར་རྒྱུག་བྱེད་པ་འགོག་སྲུང་ནན་མོ་བྱེད་པ་དང་།ཟས་རིགས་བདེ་འཇགས་དང་མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་ལ་འགན་སྲུང་བྱེད་ཆེད།རང་ཞིང་གིས་ཟླ་11པ་ནས་བཟུང་སྙིགས་སྣུམ་གཅིག་བསྡུས་གྱིས་བཅོས་སྐྱོང་བྱེད་པའི་བྱ་བ་དངོས་སུ་ལག་བསྟར་བྱས་པ་དང་།ལོ་རྗེས་མའི་ཟླ་གསུམ་པའི་ནང་ཟས་རིགས་བདེ་འཇགས་གཉེར་སྐྱོང་གནས་བབ་ཀྱི་སྙིགས་སྣུམ་གཅིག་བསྡུས་ཀྱིས་བཅོས་སྐྱོང་བྱེད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུུ་ཡིན་པར་མ་ཟད།ཟས་རིགས་བདེ་འཇགས་ཐོན་སྐྱེད་གཉེར་སྐྱོང་གནས་བབ་ཀྱི་བཟའ་སྣུམ་ཚད་ལྡན་དུ་གཏོང་བར་འགན་སྲུང་བྱེད་རྒྱུ་ཡིན་པ་རེད།

རང་ཞིང་གིས་མ་འོངས་བ་ན་ཚོང་གཉེར་དཔང་ཡིག་མེད་པའི་ཉོ་བསྡུ་བྱེད་ས་དང་ལས་སྣོན་བྱེད་ས་མེད་པར་བཟོས་ཏེ།ས་ཁུལ་སོ་སོའི་ཞང་དང་གྲོང་ཁྱེར་གྱི་པུའུ་དང་ཡུལ་སྐོར་ལྗོངས་ཁུལ།ཟ་ཁང་།སྣ་འཛོམས་ཚོང་ར།སྡེབ་ཚོང་ཚོང་ར་སོགས་ས་ཁུལ་གཙོ་བོ་དག་དང་།ས་ཁུལ་སོ་སོའི་ཟས་རིགས་ཐོན་སྐྱེད་བྱེད་ས་དང་།ཟ་ཁང་ཆུང་བ་།རྒྱ་ཁོག་ཚོང་ཁང་།སློབ་གྲྭའི་ཟ་ཁང་།ཁེ་ལས་དང་སྡེ་ཁག་སོ་སོའི་ཟ་ཁང་།འཛུགས་སྐྲུན་བཟོ་གྲྭའི་ཟ་ཁང་སོགས་གཅིག་བསྡུས་ཀྱི་ཟ་ཁང་གཙོ་བྱས་པ་སོགས་ལ་ཁ་གཏད་དེ།ས་ཁུལ་སོ་སོས་སྙིགས་སྣུམ་ཕྱིར་སྡུད་དང་ལས་སྣོན་བྱེད་པ་ལ་ལྟ་སྐུལ་དོ་དམ་བྱས་ནས།ཞིབ་ཚགས་ཀྱི་སྒོ་ནས་ཁྲིམས་འགལ་གྱིས་སྙིགས་སྣུམ་ཐོན་སྐྱེད་བྱེད་པའི་ནག་ཚང་ལ་རིམ་པ་ལྟར་རྟོག་ཞིབ་བྱས་ཏེ་གཙང་སེལ་བྱེད་རྒྱུ་ཡིན་པར་མ་ཟད།སྙིགས་སྣུམ་རྒྱུ་ཆའི་ཡོངས་ཁུངས་དང་ཕྱིར་ཚོང་ཐབས་ལམ་སོགས་མེད་པར་བཟོ་རྒྱུ་ཡིན་ལ།བཟའ་སྣུམ་ཉོས་པའི་ཟོན་ཐོ་དང་འཛིན་ཡིག་སོགས་ལ་ལྟ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

གནད་དོན་ཡོད་པའི་བཟའ་སྣུམ་གཉེར་སྐྱོང་མཁན་དག་ལ་ཞིབ་བཤེར་མཐའ་འདེད་བྱས་ཏེ།སྙིགས་སྣུམ་གཉེར་སྐྱོང་དང་སྙིགས་སྣུམ་ཟས་རིགས་ལས་མཁན་སོགས་ལ་ཁྲིམས་ལྟར་ཚོང་གཉེར་བྱེད་མཚམས་འཇོག་ཏུ་བཅུག་ནས་གཅིག་བསྡུས་ཀྱིས་བཅོས་སྐྱོང་བྱེད་རྒྱུ་ཡིན་པར་མ་ཟད།ཐ་ན་ཚོང་གཉེར་འཛིན་ཡིག་མེད་པར་བཟོས་ཏེ།ཁྲིམས་ལྟར་ཆད་པ་གཅོད་རྒྱུ་ཡིན་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།