ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པ་ལ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་མཐའ་འཁྱོལ་བྱེད་པའི་སྐབས་གསུམ་པའི་གསབ་སྦྱོང་འཛིན་གྲྭ་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ11པའི་ཚེས14ཉིན། ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པ་དག་ལ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་མཐའ་འཁྱོལ་བྱེད་པའི་སྐབས་གསུམ་པའི་གསབ་སྦྱོང་འཛིན་གྲྭ་དེ་ཞིང་ཆེན་ཏང་གི་སློབ་གྲྭ་རུ་བསྡུས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་དང་དམངས་ཆེན། སྲིད་གཞུང་། སྲིད་གྲོས་འགོ་ཁྲིད་ཁོངས་མི། ཞིང་ཆེན་ཏང་ཨུའི་ཏང་ཨུ་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་སོ་སོ། ཞིང་ཆེན་ཁོངས་གཏོགས་མཐོ་རིམ་སློབ་གྲྭ་སོ་སོའི་འགོ་ཁྲིད་ཁོངས་མི་བཅས་ཁྱོན་བསྡོམས་མི་གྲངས222གསབ་སྦྱོང་ལ་ཞུགས་ཡོད།

ཉིན་དེའི་ཞོགས་པར་གནམ་གཤིས་ལ་གྲང་ངར་ཧ་ཅང་ཆེ་མོད། འོན་ཀྱང་འདིས་རང་ཞིང་གི་ཏང་ལས་བྱེད་པ་དག་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་བརྩེ་སེམས་དྲོན་མོ་དེ་གཏན་ནས་འགོག་མི་ཐུབ་པར། སྔ་དྲོའི་དུས་ཚོད་བརྒྱད་ཀྱི་སྟེང་གསབ་སྦྱོང་ལ་ཞུགས་པའི་སློབ་མ་དག་གོ་རིམ་ལྟར་ཞིང་ཆེན་ཏང་གི་སློབ་གྲྭའི་ཚོམས་ཆེན་དུ་འཛུལ་ནས་འཛིན་གྲྭ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་རེད། རེ་སྒུག་གི་བར་མཚམས་སུ་སློབ་མ་དག་གིས་ཕན་ཚུན་དབར་དུ་ཐུགས་བརྩེ་བའི་ངང་ནས་དཔྱད་གླེང་དང་བགྲོ་གླེང་ཡང་བྱས་པ་རེད། ཚང་མའི་སེམས་སུ་དྲན་པའི་མ་གྲོས་གཅིག་མཐུན་གྱི་ལྟ་བ་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུའི་བརྗོད་སྙིང་ཚད་མཐོ་ཞིང་། བརྗོད་བྱ་བརྗིད་ཉམས་ལྡན་པ། དངོས་ཐོག་བདེན་འཚོལ་དང་མི་ལ་སྐུལ་སློང་བྱེད་པ། བྱ་གཞག་རླབས་ཆེན་ལ་སྙེག་པ་བཅས་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་རྩོམ་ཡིག་ལ་འོད་སྟོང་འབར་བའི་ལེའུ་གསར་བ་ཞིག་ཁ་སྣོན་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་རྒྱལ་ཕམ་ཐག་གཅོད་བྱེད་པའི་སྐས་རིམ་ཤིག་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེ་དུས་སྐབས་གསར་བར་ཞུགས་པའི་ཆེས་གནད་འགག་གི་སྐབས་སུ་འཚོག་པའི་ཧ་ཅང་གལ་ཆེ་བའི་ཚོགས་འདུ་ཤིག་ཀྱང་ཡིན་པས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ལོ་རྒྱུས་སྟེང་དུ་ཡང་གཏིང་ཟབ་པའི་སྒོ་ནས་བྲིས་ཡོད། ཚང་མའི་སེམས་སུ་དོན་དངོས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་སློབ་སྦྱོང་བྱེད་པ་དང་དྲིལ་སྒྲོག་ལེགས་པོ་བྱེད་པ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལག་ལེན་མཐའ་འཁྱོལ་བྱེད་པ། དུས་ནམ་ཡང་མང་ཚོགས་ཀྱི་བདེ་སྐྱིད་ལ་སྙེག་པའི་ཐོག་མའི་སེམས་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་དུས་ནམ་ཡང་མི་རྣམས་ཀྱི་མཛེས་སྡུག་འཚོ་བའི་རེ་སྙེག་དེ་ཧུར་བརྩོན་གྱི་དམིགས་འབེན་དུ་བཟུང་ནས་དུས་ནམ་ཡང་ཉམས་པ་མེད་པའི་སྙིང་སྟོབས་རྣམ་པ་དང་སྔར་མེད་ཧུར་བརྩོན་ལ་ལྷོད་གཡེང་མེད་པར། མུ་མཐུད་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་ཁ་ཕྱོགས་སྟེ་རྔ་མ་བརྗིད་ལྡན་པའི་དམིགས་འབེན་དེའི་ཆེད་དུ་ཧུར་བརྩོན་གྱིས་མདུན་སྐྱོད་བྱ་དགོས།

ཐེངས་འདིའི་གསབ་སྦྱོང་གི་དུས་ཡུན་ནི་ཉིན་གསུམ་ཡིན་ལ། དེ་ཡང་ཆེད་དོན་བརྗོད་བྱར་ཟུར་ཁྲིད་བྱེད་པ་དང་ཚོ་ཆུང་བགོས་ནས་ཞིབ་སྡུར་བྱེད་པ། གཅིག་བསྡུས་ཀྱིས་ཞིབ་ཀློག་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུ་དང་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་དང་ཏང་གི་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན། ཀྲུང་དབྱང་སྒྲོག་སྦྱོང་ཚོགས་པའི་སྙན་ཞུའི་ནང་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སོགས་གཙོར་བཟུང་ནས་སློབ་སྦྱོང་དང་གསབ་སྦྱོང་བྱས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།