རང་ཞིང་གི་ལུས་རྩལ་ལས་ཁུངས་ལྔ་ལ་རྒྱལ་ཡོངས་ཀྱི་གཟེངས་རྟགས་ཐོབ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་ལམ་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཆུར་རྐྱལ་ལྟེ་གནས་དང་ཀྲུང་གོའི་ཆུར་རྐྱལ་མཐུན་ཚོགས། ཀྲུང་གོའི་མྱུར་སྐྱོབས་མཐུན་ཚོགས་བཅས་ཀྱིས་དཔྱད་འདེམས་བྱས་པའི་2017ལོའི་དམངས་ཡོངས་ཀྱི་ཆུར་རྐྱལ་ལུས་པོའི་བདེ་སྲུང་བྱ་འགུལ་ཁྲོད་ཕུལ་བྱུང་ཚོགས་པའི་ལས་ཁུངས་དང་དེ་མིན་བྱས་རྗེས་འབུར་ཐོན་བྱ་དགའ། ཕུལ་བྱུང་རྩ་འཛུགས་བྱ་དགའ། དཔེར་སྟོན་བྱ་འགུལ་བྱ་དགའ་སོགས་བྱ་དགའ་མི་འདྲ་བ་གསུམ་ཡོད་ལ། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་སྤྱི་ཁྱབ་ཚོགས་པ་གཉིས་ལ་བྱས་རྗེས་འབུར་ཐོན་གྱི་བྱ་དགའ་གནང་བ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཆུར་རྐྱལ་མཐུན་ཚོགས། གཏེར་ལེན་ཁ་ཆུར་རྐྱལ་ཁང་གཉིས་ལ་རྩ་འཛུགས་ཕུལ་བྱང་གི་བྱ་དགའ་གནང་། ཟི་ལིང་གྲོང་ཁྱེར་དགུན་ཚིགས་ཆུར་རྐྱལ་མཐུན་ཚོགས་ལ་དཔེར་སྟོན་བྱ་འགུལ་གྱི་བྱ་དགའ་ཐོབ་པ་རེད།

ཉེ་བའི་ལོ་འདི་དག་གི་རིང་ལ། རང་ཞིང་གིས་ས་གནས་ཀྱི་ཁྱད་དུ་འཕགས་པའི་ཆུའི་ཐོན་ཁུངས་ལ་བརྟེན་ནས་རྒྱལ་སྤྱིའི་རྨ་ཆུར་འཕྲེད་བརྒལ་བྱེད་པའི་ཛ་དྲག་གི་འགྲན་སྡུར་དང་རྒྱལ་སྤྱིའི་དགུན་ཚིགས་རྨ་ཆུར་འཕྲེད་བརྒལ་བྱེད་པའི་ཛ་དྲག་གི་འགྲན་སྡུར་སོགས་རྒྱལ་ཁའི་ངང་བསྡུས་ནས་ས་གནས་ཀྱི་ཉོ་འཚོང་དང་ཡུལ་སྐོར་སོགས་ཀྱི་ཐོན་ལས་ཐད་གྲུབ་འབྲས་མངོན་གསལ་བླངས།

དེ་ལྟར་ཉམས་པ་མེད་པའི་ཧུར་བརྩོན་བརྒྱུད་འགྲན་སྡུར་མི་འདྲ་བ་དེ་གཉིས་ཀྱི་ཤུགས་རྐྱེན་དང་མཚན་སྙན་མུ་མཐུད་དུ་ཁྱབ་རྒྱ་ཇེ་ཆེར་སོང་ནས་རྒྱལ་ཁབ་ཕྱི་ནང་གི་དགུན་ཚུགས་སུ་ཆུར་རྐྱལ་བར་དགའ་མཁན་དང་རྒྱལ་སྤྱིའི་ཆུར་རྐྱལ་མཐུན་ཚོགས་ཀྱིས་ཚད་མཐོའི་གདེང་འཇོག་ཐོབ། འགྲན་སྡུར་དེས་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་དོན་སྙིང་སོགས་ལུས་རྩལ་གྱི་ཁྱབ་ཁོངས་ལས་རིང་དུ་བརྒལ་ནས་ས་གནས་དཔལ་འབྱོར་གྱི་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཏེ། གཅིག་བསྡུས་རང་བཞིན་གྱི་ལུས་རྩལ་དང་ཉོ་འཚོང་། ཡུལ་སྐོར། རིག་གནས་སོགས་ངོ་བོ་གཅིག་ཅན་གྱི་གར་སྟེགས་ཆེན་པོ་ཞིག་གྲུབ་ནས། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་དྲིལ་སྒྲོག་དང་འཆམ་མཐུན་བརྟན་འཇགས། སྐྱེ་ཁམས་སྲུང་སྐྱོབ་བཅས་ཀྱི་མིང་བྱང་ཤིག་གྲུབ་པར་བྱས་ཡོད།

ཆུར་རྐྱལ་ལུས་རྩལ་དེ་རྒན་གཞོན་ལ་ཁྱད་པར་མེད་པའི་ལུས་རྩལ་གྱི་རྣམ་གྲངས་ཤིག་ཡིན་པའི་ཆ་ནས་རྒྱ་ཆེའི་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད། དེ་ཡང་འགྲན་སྡུར་གྱི་སྐུལ་འདེད་འོག་རང་ཞིང་གི་ས་ཁུལ་སོ་སོར་སྒྲིག་གཞི་འཐུས་ཚང་བཙུགས་ཤིང་། ཁོར་ཡུག་ལེགས་པོའི་ཆུར་རྐྱལ་ཁང་འཛུགས་བསྐྲུན་བྱས་ནས། རྒྱ་ཆེའི་ཆུར་རྐྱལ་དགའ་མོས་མཁན་དག་ལ་ཆུར་རྐྱལ་ཡུལ་དངོས་མཁོ་སྤྲོད་བྱས་ཏེ། རང་ཞིང་གི་ཆུར་རྐྱལ་ལས་འགུལ་གྱི་འཕེལ་རྒྱས་ཐད་རྨང་གཞི་བརྟན་པོ་བཏིངས་ནས་རང་ཞིང་གི་ཆུར་རྐྱལ་ལུས་རྩལ་ལ་འཕེལ་རྒྱས་ཐོབ་པ་མ་ཟད། མུ་མཐུད་དུ་ཚད་གཞི་མཐོ་བའི་དཔྱད་འདེམས་པ་རབས་དང་རིམ་པ་བྱུང་ནས་རྒྱལ་ནང་གི་ཆུར་རྐྱལ་འགྲན་སྡུར་ཆེན་པོ་དག་གི་ཁྲོད་གསེར་དང་དངུལ་གྱི་རྟགས་མ་བླངས་ཤིང་། མཚོ་སྔོན་ས་ཁུལ་གྱི་ལ་རྒྱ་བརྩོན་ལེན་བྱས།

ན་ནིང་གི་ཟླ་7པར། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཆུ་ཐོག་ལུས་རྩལ་དོ་དམ་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་གཉིས་ཀྱིས་ཁྱོན་ཡོངས་ནས་མཉམ་འབྲེལ་ཞིབ་འཇུག་དཔྱད་སྡུར་བྱས་ཏེ། མཉམ་འབྲེལ་སྒྲོམ་གཞིའི་གྲོས་མཐུན་གན་རྒྱ་ལ་མིང་རྟགས་བཀོད། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཆུ་ཐོག་ལུས་རྩལ་དོ་དམ་ལྟེ་གནས་ཡིས་རང་སྟེང་གི་རྣམ་གྲངས7གྱི་གྲོས་ཆོད་ཐོན་ཁུངས་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་སྤྱི་ཁྱབ་ཅུའུ་ལ་གཏིང་ཟབ་པའི་མཉམ་འབྲེལ་བྱས་ཏེ། ས་གནས་མི་འདྲ་བ་དག་གི་དོན་དངོས་དང་མཐུན་པའི་ལུས་རྩལ་འགྲན་སྡུར་གྱི་ཐོན་རྫས་གསར་བཟོ་བྱས་ནས། ལུས་རྩལ་ཡུལ་སྐོར་ཐོན་ལས་ལ་སྐུལ་འདེད་དང་ལུས་རྩལ་ཐོན་ལས་འཕེལ་རྒྱས་སུ་བཏང་། རྗེས་ཕྱོགས་རང་ཞིང་གིས་ཆུ་ཐོག་ལུས་རྩལ་རྣམ་གྲངས་གསར་སྣོན་བྱས་ཏེ་ཆུར་རྐྱལ་མྱུར་སྐྱོབ་པ་གསབ་སྦྱོང་རྟེན་གཞི་དང་སྤྱི་ཚོགས་ལུས་རྩལ་མཛུབ་སྟོན་མཁན་གསབ་སྦྱོང་རྟེན་གཞིའི་ཐོབ་ཐང་ཅན་སྐྱེད་བསྲིངས་བཅས་ཀྱིས་ཆུ་ཐོག་མྱུར་སྐྱོབས་ལ་འགན་སྲུང་དང་གསབ་སྦྱོང་སྒྲིག་ཆས་འཛུགས་བསྐྲུན་བྱེད་པའི་ཚད་གཞི་ཆེས་ཆེར་བཏང་ནས་རང་ཞིང་གི་ཆུ་ཐོག་ལུས་རྩལ་ལ་བརྟན་བརླིང་སྒོས་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།