ཏང་ཕྱིའི་ཤེས་ཡོན་པས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཆེད་དོན་ཞིབ་འཇུག་གི་ཟབ་སྦྱོང་འཛིན་གྲྭ་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ11པའི་ཚེས13ཉིན་ལ་ཟི་ལིང་དུ་རང་ཞིང་གི་ཏང་ཕྱིའི་ཤེས་ཡོན་པའི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཆེད་དོན་ཞིབ་འཇུག་གི་ཟབ་སྦྱོང་འཛིན་གྲྭ་འགོ་ཚུགས་པ་དང་། ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་གཞོན་པ་དང་ཏང་ཕྱིའི་ཤེས་ཡོན་པའི་མཛའ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཁོང་ཡུང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ཁོང་ཡུང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་ནི་རྒྱ་ཆེའི་ཏང་ཕྱིའི་ཤེས་ཡོན་པའི་དུས་ངེས་ཅན་རིང་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་རེད། ཐེངས་འདིའི་ཆེད་དོན་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་ནི་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མཉམ་འབྲེལ་ཚོགས་པས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་མཚོན་ཚུལ་གལ་ཆེན་ཞིག་དང་། ཞིང་ཆེན་ཏང་ཨུད་ཀྱིས་ཏང་ཕྱིའི་ཤེས་ཡོན་པའི་བསམ་བློ་ནན་དུ་གཏོང་བའི་ཁྲིད་སྟོན་གལ་ཆེན་ཞིག་ཀྱང་རེད།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། རྒྱ་ཆེའི་ཏང་ཕྱིའི་ཤེས་ཡོན་པ་རྣམས་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་། མི་རིགས་ཀྱི་དར་རྒྱས་དང་མི་སྒེར་གྱི་འཚར་ལོངས་མཐོ་ཚད་ཀྱི་ཕྱོགས་སུ་ལངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་དོན་སྙིང་གལ་ཆེན་ངོན་འཛིན་གཏིང་ཟབ་བྱེད་པ་དང་། ཆབ་སྲིད་ཀྱི་ཟུར་ཚད་དང་ལོ་རྒྱུས་ཀྱི་ཟུར་ཚད། རིགས་པའི་གཞུང་ལུགས་ཀྱི་ཟུར་ཚད་དང་ལག་ལེན་ཀྱི་ཟུར་ཚད། འཛམ་གླིང་གི་ཟུར་ཚད་ནས་འགོ་བརྩམས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་བརྗོད་བྱ་གཙོ་བོ་དང་ནང་དོན་གཙོ་བོར་གོ་བ་གཏིང་ཟབ་ལེན་པར་རེ་བ་ཡིན་ཟེར་ཞིང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་རྒྱུ་དང་རང་ཉིད་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བ། སྲིད་ཞུགས་སྲོལ་མོས་བྱེད་པའི་ནུས་པ་འདོན་སྤེལ་དང་གླེང་ཕྱོགས་དྲིལ་བསྒྲགས་འགན་དུ་འཁུར་བ་བཅས་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པའི་དམིགས་ཡུལ་རང་བཞིན་དང་དངོས་ཕན་རང་བཞིན་སྔར་བས་མཐོ་རུ་གཏོང་དགོས་པ་དང་།  ཅི་ཞིག་སློབ་པ་དང་ཇི་ལྟར་སློབ་པ། ཇི་ལྟར་སྒྲུབ་རྒྱུ་དང་བསྒྲུབས་ནས་འབྲས་བུ་ག་འདྲ་ལེན་པ་སོགས་ཀྱི་གནད་དོན་ནན་ཏན་སྒོས་ཐག་གཅོད་བྱེད་དགོས་ཤིང་། ཏང་ཕྱིའི་ཤེས་ཡོན་པས་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་ཆབ་སྲིད་ཁོང་དུ་ཆུད་པའི་ནུས་པ་ཧུར་ཐག་གིས་མཐོ་རུ་གཏོང་དགོས་ཟེར།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།