རང་ཞིང་གི་ལུས་སྦྱོང་སྤྲོ་གསེང་ཐོན་ལས་ཁྱོན་ཡོངས་ནས་ཇེ་ལེགས་སུ་གཏོང་རྒྱུ་ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། 2025ལོར་སླེབས་དུས། རང་ཞིང་གིས་འཛམ་གླིང་རིམ་པའི་ས་མཐོའི་ཡུལ་ཕྱིའི་ལུས་རྩལ་གནས་མཆོག་དང་། མི་ཚང་མའི་ཆེས་ཡིད་སྨོན་བྱེད་སའི་ས་མཐོའི་སྐྱེ་ཁམས་ལུས་སྦྱོང་སྤྲོ་གསེང་ས་ཁུལ། དར་གོས་ཚོང་ལམ་གྱི་ལུས་རྩལ་ཡུལ་སྐོར་འདུས་སྡོད་ཁུལ་བཅས་ཧུར་ཐག་གིས་བསྐྲུན་རྒྱུ་རེད། འདི་ནི་མཚོ་སྔོན་ཞིང་ཆེན་གྱིས་ལུས་སྦྱོང་སྤྲོ་གསེང་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་ལག་བསྟར་འཆར་འགོད་ཁྲོད་བཏོན་པའི་སྤྱིའི་བླང་བྱ་ཡང་ཡིན་པ་རེད།

གསར་འགོད་པས་ཉིན་འདི་ཤས་སྔོན་ལ་བསྡུས་པའི་གསར་འགྱུར་ཁྱབ་སྤེལ་ཚོགས་ཐོག་ནས་རྒྱུས་ལོན་པ་ལྟར་ན།2025ལོར་སླེབས་དུས། རང་ཞིང་གིས་ལུས་རྩལ་རྩེར་གྲས་རྣམ་གྲངས100བསྐྲུན་རྒྱུ་དང་། ཞིང་ཆེན་རིམ་པའི་ལུས་རྩལ་ཐོན་ལས་རྟེན་གཞི100སྐྱེད་སྲིང་བྱེད་པ། རླངས་འཁོར་དང་སྦག་སྦག་འཁོར་ལོའི་སྒར་ས100དང་། ས་མཐོའི་ཁྱད་ཆོས་ལྡན་པའི་ལུས་རྩལ་སྤྲོ་གསེང་གྲོང་བརྡལ་ཆུང་ངུ100བསྐྲུན་པ། མི་གྲངས་ཁྲི100ལྷག་ལ་སྣེ་ཁྲིད་དེ་གངས་འཁྱག་ལས་རྩལ་ནང་ཞུགས་པ་པ་བཅས་བྱས་ཏེ།གཞི་ཁྱོན་ཆེ་བའི་ལུས་སྦྱོང་སྤྲོ་གསེང་ལྟེ་གནས་བསྐྲུན་པ་མངོན་འགྱུར་བྱ་རྒྱུ།

ཤེས་གསལ་ལྟར་ན།རང་ཞིང་གིས་མཐོ་སྒང་གི་གནམ་གཤིས་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། 2025ལོར་གངས་འཁྱག་ཐོན་ལས་ཀྱི་སྤྱིའི་གཞི་ཁྱོན་སྒོ་དུང་ཕྱུར20ལ་སླེབས་ཐུབ་པ་དང་། ཆེས་མ་མཐའ་ཡང་འཁྱག་ཤུད་ར་བ10དང་། གངས་ཤུད་ར་བ40བསྐྲུན་རྒྱུ་དང་རྒྱ་ཁྱོན་ལ་རྨི་རྒྱ་དཔངས་གྲུ་བཞི་མ་ཁྲི100ལ་སླེབས་པ། སྟོད་པ་ས་མཐོའི་གངས་ཤུད་ལུས་རྩལ་སྦྱོང་བརྡར་རྟེན་གཞི་དང་གངས་དཀར་པོ་རྒྱལ་ཁབ་གངས་ཤུད་རི་འཛེགས་རྟེན་གཞི་དང་ས་མཐོའི་གངས་འཁྱག་དང་རྩྭ་ཐང་གི་གངས་འཁྱག བྱེ་མའི་གངས་འཁྱག རྨ་འབྲི་རྫ་གསུམ་གངས་འཁྱག་སོགས་ལུས་རྩལ་སྤྲོ་གསེང་ཁྱད་ཆོས་ལྡན་པའི་གྲོང་བརྡལ་ཆུང་ངུ་བསྐྲུན་རྒྱུ་རེད། དུས་མཚུངས་སུ། རང་ཞིང་གི་མཚོ་ངོས་ལས་མཐོ་བའི་ས་བབ་ལེགས་ཆར་གཞིགས་ཏེ། རི་འཛེགས་དང་བྲག་འཛེགས། རྐང་ཐང་ལུས་སྦྱོང་། རས་གུར་ཕུབ་པ་སོགས་ཀྱི་ཡུལ་ཕྱིའི་ལུས་རྩལ་རྣམ་གྲངས་ཁྱབ་བརྡལ་དུ་གཏང་རྒྱུ་དང་། སྐྱེ་ཁམས་ལུས་རྩལ་ལ་བརྟེན་ནས་ཡུལ་ཕྱིའི་ལུས་རྩལ་མཉམ་འབྲེལ་སྟེགས་བུ་བསྐྲུན་རྒྱུ། མཚོ་བོད་མཐོ་སྒང་དང་རྨ་འབྲི་རྫ་གསུམ། ཚ་འདམ་གཞུང་། ཨ་ཆེན་གངས་རྒྱབ་བཅས་ནས་བརྒལ་ཏེ། མཚོ་བོད་གཞུང་ལམ་དང་ཐང་བོད་གནའ་ལམ། དར་གོས་ཚོང་ལམ་སོགས་བརྒྱུད་པའི་ལྕགས་རྟའི་ལམ་བསྐྲུན་རྒྱུ།

ཞིང་ཆེན་ལུས་རྩལ་ཅུའུ་ཡི་ཅུའུ་ཀྲང་ཚེ་རིང་ཐར་གྱིས་བཤད་རྒྱུར། ཞིང་ཆེན་ཡོངས་ཀྱི་ལུས་རྩལ་འགྲན་སྡུར་ལ་སྔར་བས་ཤུགས་བསྣན་ཏེ། མཚོ་སྔོན་པོར་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སོགས་རྒྱལ་སྤྱིའི་རྣམ་གྲངས10དང་། རྒྱལ་ཁབ་རང་བཞིན་གྱི་འགྲན་སྡུར20། ས་ཁོངས་རང་བཞིན་གྱི་ཚོང་རྟགས་འགྲན་སྡུར100འཐུས་ཚང་དུ་གཏང་རྒྱུ་ཟེར།

ལོ་ཙཱ་བ། ཀླུ་མོ།