མཚོ་ནུབ་ཁུལ་གྱིས་རྫོང་ཁྲུའུ་རིམ་པའི་ལས་བྱེད་པའི་ཁྲིམས་སྲོལ་ཆེད་དོན་གསོ་སྦྱོང་འཛིན་གྲྭ་བསྡུས་པ།

མཚོ་ནུབ་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་སྔོན། 12.4རྩ་ཁྲིམས་དང་རྒྱལ་ཡོངས་ཁྲིམས་ལུགས་དྲིལ་སྒྲོག་ཉིན་མོ་ཐོན་ལ་ཉེ་བའི་སྐབས་འདིར། མཚོ་ནུབ་ཁུལ་གྱིས་ཁུལ་ཐད་གཏོགས་ལས་ཁུངས་ཀྱི་རྫོང་ཁྲུའུ་རིམ་པའི་ལས་བྱེད་པའི་རྩ་ཁྲིམས་སློབ་སྦྱོང་དང་ཏང་ནང་གི་ཁྲིམས་སྲོལ་ཆེད་དོན་གསོ་སྦྱོང་འཛིན་གྲྭ་དེ་ཁུལ་ཏང་ཨུའི་ཏང་གི་སློབ་གྲྭ་ནས་བསྡུས་པ་རེད།

གསོ་སྦྱོང་འཛིན་གྲྭའི་སྟེང་། ཁུལ་ཏང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་སུའུ་ཀྲི་ཆང་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཝང་ལིས་མིན་གཉིས་ཀྱིས་ཏང་སྲིད་མགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོས་པའི་འགན་འཁྲི་བདའ་འདེད་ཐབས་ལམ་དང་རྣམ་པ་གསར་བའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྲོལ་ཡིག་འགའ། དེ་བཞིན་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སོགས་བཅའ་ཁྲིམས་ཁྲིམས་སྲོལ་སྐོར་ནས་སློབ་ཁྲིད་གནང་བ་རེད།

ཤེས་གསལ་ལྟར་ན། ཐེངས་འདིའི་གསོ་སྦྱོང་ནི་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཁུལ་ཏང་ཨུའི་རྩ་འཛུགས་པུའུ། ཁུལ་ཁྲིམས་ལུགས་ཁྱབ་བརྡལ་ཁང་བཅས་ཀྱིས་མཉམ་འབྲེལ་འོག་བསྒྲུབ་པ་རེད། དེ་བསྒྲུབ་པའི་དམིགས་ཡུལ་གཙོ་བོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་བའི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་། ཁྲིམས་ལྟར་སྲིད་སྐྱོང་བ། ཁྲིམས་ལྟར་སྲིད་འཛིན་བཅས་ལ་ཐུན་མོང་གིས་སྐུལ་སྤེལ་བྱེད་པ་དང་། ཁྲིམས་སྐྱོང་རྒྱལ་ཁབ་དང་ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་སོགས་གཞི་གཅིག་ཏུ་འཛུགས་སྐྲུན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་བྱེད་པའི་གལ་ཆེའི་བླང་བྱ་གཅིག་གྱུར་བྱེད་པ། ཁུལ་ཡོངས་ཀྱི་ཏང་ཡོན་མགོ་ཁྲིད་ལས་བྱེད་པའི་རྩ་ཁྲིམས་བསམ་ཕྱོགས་དང་ཁྲིམས་སྐྱོང་འདུ་ཤེས་སྔར་བས་ཇེ་དྲག་ཏུ་བཏང་སྟེ། རྩ་ཁྲིམས་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་ལ་སྔར་བས་སློབ་སྦྱོང་དང་ཚོད་འཛིན་བྱས་ཏེ། ཁྲིམས་སྐྱོང་བསམ་བློ་ཇེ་མཐོ་དང་ཁྲིམས་སྐྱོང་གི་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་མཐོར་འདེགས་སུ་བཏང་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འགན་འཁྲི་འདུ་ཤེས་སྔར་བས་ཇེ་དྲག་དང་། ཏང་ཀྲུང་དབྱང་གི་འཐབ་ཇུས་བླང་བྱ་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་འགན་སྲུང་ལེགས་པོ་བྱ་ཆེད་རེད།

  ཁུལ་ཏང་ཨུའི་སྡེ་ཁག་སོ་སོ་སོ་དང་། ཁུལ་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཀྱི་ཚོགས་པ། ཀྲུང་དབྱང་། ཞིང་ཆེན་གྱི་ཁུལ་ཏུ་སྡོད་པའི་འབྲེལ་ཡོད་སྡེ་ཁག དེ་མིན་ཚ་འདམ་གཞུང་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་གྱི་ཁྲུའུ་རིམ་པ་གཞོན་པའི་ཡན་གྱི་ལས་བྱེད་པ་དག་གསོ་སྦྱོང་ནང་ཞུགས་པ་རེད།

ལོ་ཙཱ་བ། ཀླུ་མོ།