ཞི་ཅིན་ཕིང་གིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་ལྔ་པར་ཞུགས་པ་མ་ཟད་ཡོ་ནན་དང་ལའོ་ཝུའོ་གཉིས་ལ་འཚམས་འདྲི་མཛད་ཚར་ནས་ཕྱིར་པེ་ཅིན་ལ་ཐོན།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་ལྔ་པར་ཞུགས་པ་མ་ཟད། ཡོ་ནན་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་དང་ལའོ་ཝུའོ་མི་དམངས་དམངས་གཙོ་རྒྱལ་ཁབ་གཉིས་ལ་རྒྱལ་དོན་འཚམས་འདྲི་མཛད་ཚར་ནས། ཚེས་བཅུ་བཞི་ཉིན་ཕྱིར་པེ་ཅིན་དུ་ཐོན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཏིན་ཞེའོ་ཞང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ལིའུ་ཧི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་ཨུ་ཡོན་དབྱང་ཅེ་ཁྲི་སོགས་མཉམ་དུ་པེ་ཅིན་ལ་ཐོན།

ས་དེའི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ལའོ་ཝུའོ་རྒྱལ་ཁབ་ཀྱི་རྒྱལ་ས་ཝན་ཞང་ནས་ཕྱིར་རང་རྒྱལ་དུ་ལོག་པ་དང་། གནམ་གྲུ་ཐང་དུ་འགྲོ་སྐབས། ལའོ་ཝུའོ་རྒྱལ་ཁབ་ཀྱིས་མཛད་སྒོ་གཟབ་རྒྱས་བསྡུས་ཏེ་ཞི་ཅིན་ཕིང་ལ་སྐྱེལ་མ་བྱས། ལའོ་ཝུའོ་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྒྱུན་ལས་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཕན་ཁན་དང་། ལའོ་ཝུའོ་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཝན་ཞང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅིའི་ཞོར་དུ་ཧྲི་ཀྲང་གི་འགན་ཁུར་མཁན་ཞིན་ལ་ཧྥིན། ལའོ་ཝུའོ་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཙུང་ལི་གཞོན་པ་སུང་སའེ་སོགས་གནམ་གྲུ་ཐང་དུ་སོང་ནས་སྐྱེལ་མ་བྱས། ཞི་ཅིན་ཕིང་གིས་ཁོ་ཚོར་ཕྱག་འཇུ་གནང་ནས་གྱེས་བརྡ་བསྟན།