ཐེན་ཅིན་ཁྲིན་ཞིང་ཆེན་ཚོང་དོན་ཐིན་དུ་སོང་ནས་བྱ་བར་རྟོག་ཞིབ་བྱས།

ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་ཞིང་ཆེན་ཚོང་དོན་ཐིན་དུ་སོང་ནས་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས། ཁོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་བཟང་བོ་དང་དྲིལ་སྒྲོག་བཟང་བོ། ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། དོན་དོངས་དང་མཐུན་པའི་སྒོ་ནས་བསམ་བློ་དང་འགུལ་སྐྱོད་གཉིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྟེང་གཅིག་གྱུར་བྱེད་དགོས་པར་མ་ཟད། རང་གི་འགན་འཁྲིའི་བྱ་བར་རྐང་བཙུགས་ཏེ་ཤེས་རྟོགས་གཏིང་ཟབ་ཏུ་གཏོང་བ་དང་ལག་ལེན་ལ་འགྱུར་ལྡོག་གཏོང་བའི་སྟེང་ཤུགས་བཏོན་ནས་ཧུར་ཐག་གིས་ཞིང་ཆེན་ཡོངས་ཀྱི་ཚོང་ལས་འཁོར་རྒྱུག་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་སྐྱོད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཐེན་ཅིན་ཁྲིན་གྱིས་བསྟན་དོན། ཞིང་ཆེན་ཚོང་དོན་ཐིན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་བྱ་འགུལ་གཟབ་ནན་གྱིས་སྤེལ་དགོས་པ་དང་བཀོད་སྒྲིག་དམ་ཟབ་དང་རྣམ་པ་སྣ་མང་སྤྱད་དེ་དོན་དངོས་དང་མཐུན་པའི་སྒོ་ནས་སློབ་སྦྱོང་བྱེད་ཞོར་དང་འགུལ་སྐྱོད་སྤེལ་ཞོར་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་ཚོང་དོན་མ་ལག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་གཙོ་གནད་ལ་དམིགས་ཏེ་ལས་འགན་དོན་འཁྱོལ་བྱེད་པ་དམ་འཛིན་བྱས་ནས་རིགས་སོ་སོའི་བྱ་བར་གྲུབ་འབྲས་མངོན་གསལ་བླངས་ཡོད་པ་དང་འཕར་སྣོན་བརྟན་འཇགས་སུ་གཏོང་བ་དང་སྒྲིག་གཞི་མཐུན་སྦྱོར་བྱེད་པ། བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། དམིངས་ཚིས་ལེགས་བཅོས་བྱེད་པ་བཅས་ཕྱོགས་ལ་བྱེད་ནུས་མི་དམན་པ་བཏོན་ཟེར།

བཞུགས་མོལ་ཚོགས་འདུའི་སྟེང་། ཐེན་ཅིན་ཁྲིན་དང་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་མཉམ་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་བྱས་པར་མ་ཟད། ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་བྱས་ནས་འབྲེལ་ཡོད་བྱ་བར་བཀོད་སྒྲིག་བྱས། ཁོས་ནན་གྱིས་བསྟན་དོན། ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པར་འགྲེང་སྟེ་ཞིང་ཆེན་ཡོངས་ཀྱི་ཚོང་དོན་མ་ལག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་མཛུབ་སྟོན་དུ་བྱེད་པ་དང་། རེ་བ་གསར་པར་རྒྱུས་ལོན་གཏིང་ཟབ་བྱེད་པ། བྱ་བའི་བྱེད་གནས་གསར་པ་འཚོལ་ཞིབ་བྱེད་པ། གོ་སྐབས་གསར་པ་འཚོལ་ཞིབ་དང་ཞིབ་འཇུག་བྱེད་པ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པ་དང་དམ་དུ་དམིགས་ནས་སྲོལ་རྒྱུན་ཚོང་དོན་ལས་རིགས་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། བོད་ལུགས་ས་གདན་འགྲེམ་སྟོན་བྱེད་པའི་སྤུས་ལེགས་ཚོད་དོན་སྟེགས་བུ་འཛུགས་སྐྲུན་བྱེད་པ་དང་དེང་རབས་དངོས་ཟོག་འཁོར་རྒྱུག་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གློག་རྡུལ་ཚོང་དོན་ཞིང་སྡེར་སྐྱོད་པའི་དཔེ་སྟོན་བྱ་བ་ལག་བསྟར་བཟང་བོ་བྱེད་པ། ཕྱི་ཕྱོགས་ཚོང་ལས་ཕྱིར་གཏོང་ནང་འདྲེན་བྱེད་པའི་ཆུ་ཚད་མཐོར་འདེགས་བཏང་སྟེ་ཚོང་དོན་ཁྱབ་ཁོངས་ཀྱི་རིགས་སོ་སོའི་བྱ་བ་དོན་འཁྱོལ་བྱེད་པར་འགན་སྲུང་བྱེད་དགོས་པ་དང་ཞིང་ཆེན་ཡོངས་ཀྱི་ལོ་མཇུག་གི་རིགས་སོ་སོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་དགོས་ཞེས་ནན་གྱིས་བསྟན།