ལིས་ཁི་ཆང་གིས་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་དང་ཀྲུང་གོ་འཇར་པན་ཧན་གོ་བཅས་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་ཉི་ཤུ་པར་ཞུགས་སྐབས་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུས་ནས་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་དཔལ་འབྱོར་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་དགོས་ཞེས་བསྟན།

 

ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ས་དེའི་དུས་ཚོད་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར་ཧྥི་ལི་ཕིན་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་ནས་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་དང་ཀྲུང་གོ འཇར་པན། ཧན་གོ་བཅས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་ཉི་ཤུ་པར་ཞུགས། པར་འདི་ནི་གྲོས་ཚོགས་ཀྱི་སྔོན་ལ། ལིས་ཁི་ཆང་གིས་གྲོས་ཚོགས་སུ་ཞུགས་པའི་འགོ་ཁྲིད་པ་དང་མཉམ་དུ་པར་བླངས་པའི་ཚུལ་རེད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ས་དེའི་དུས་ཚོད་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར་ཧྥི་ལི་ཕིན་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་ནས་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་དང་ཀྲུང་གོ འཇར་པན། ཧན་གོ་བཅས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་ཉི་ཤུ་པར་ཞུགས། ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་དང་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཕེས་ཅིན་སན་དང་། ཧན་གོའི་ཙུང་ཐུང་བུན་ཙེ་དབྱིན་བཅས་མཉམ་དུ་གྲོས་ཚོགས་སུ་ཞུགས། ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐི་ཨེ་ཐི་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ལིས་ཁི་ཆང་གིས་གསུངས་བཤད་གནང་སྐབས་ཨེ་ཤ་ཡ་ཤར་ཕྱོགས་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པ་ནི་ཨེ་ཤ་ཡ་ཤར་ཕྱོགས་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་བར་གྱི་མཉམ་ལས་འཐབ་ཇུས་དམིགས་འབེན་གཅིག་ནང་གི་གཅིག་ཡིན་ལ། ས་ཁུལ་རྒྱལ་ཁབ་ཀྱི་མི་དམངས་ཀྱི་ཡུན་རིང་དང་རྩ་བའི་ཁེ་ཕན་དང་མཐུན་པ་ཡིན་ཞེས་བསྟན། ལིས་ཁི་ཆང་གིས་དེའི་ཐད་ལ་གྲོས་གཞི་འདི་ལྟར་བཏོན།

གཅིག་ནི་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཉོ་ཚོང་རང་དབང་ཅན་དང་སྟབས་བདེ་ཅན་དུ་སྒྱུར་བར་སྐུལ་འདེད་བཏང་སྟེ། རིམ་བཞིན་སྣ་གཅིག་ཅན་གྱི་ཚོང་རའི་ཕྱོགས་སུ་སྒྱུར་དགོས་པ་དང་། གཉིས་ནི་ཐོན་ནུས་དང་དངུལ་གཏོང་མཉམ་ལས་རྒྱ་བསྐྱེད་དེ། གཉིས་ཕན་མཉམ་རྒྱལ་གྱི་ཐོན་ལས་མུ་ཁྱུད་འཛུགས་སྐྲུན་བྱེད་དགོས། གསུམ་ནི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་མཉམ་ལས་ལ་ཤུགས་བསྣན་ཏེ། མཉམ་འབྲེལ་མཉམ་མཐུད་དྲ་རྒྱ་འཛུགས་སྐྲུན་སྐྲུན་བྱེད་དགོས། བཞི་ནི་དངུལ་ལོར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ས་ཁུལ་གྱི་དངུལ་ལོར་བརྟན་འཇགས་ཡོང་བར་སྲུང་སྐྱོབ་བྱེད་དགོས། ལྔ་ནི་རྒྱུན་མཐུད་འཕེལ་རྒྱས་མཉམ་ལས་ལ་ཤུགས་བསྣན་ཏེ། དོ་མཉམ་དང་བཟོད་སྒོམ། ཀུན་ཕན་བཅས་ཀྱི་ས་ཁུལ་འཕེལ་རྒྱས་ཀྱི་རྣམ་པ་སྐྲུན་དགོས། དྲུག་ནི་མི་གཞུང་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་དེ། ཐུན་མོང་ཚོགས་པའི་འདུ་ཤེས་གཅིག་བསྡུ་བྱེད་དགོས་པ་བཅས་ཡིན་ཟེར།

ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། སྔར་ལས་སྒོ་འབྱེད་དང་སྔར་ལས་སྟོབས་ལྡན་གྱི་ཀྲུང་གོ་ཞིག་གིས་ཨེ་ཤ་ཡ་ཤར་ལྷོ་དང་བཅས་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོར་སྔར་ལས་མང་པོའི་ཚོང་ར་དང་འཕེལ་རྒྱས། དངུལ་གཏོང་། མཉམ་ལས་བཅས་ཀྱི་གོ་སྐབས་འདོན་སྤྲོད་བྱེད་ཐུབ་པས། ང་ཚོས་ལག་གདང་སྦྲེལ་ཏེ་ཨེ་ཤ་ཡ་ཤར་ལྷོའི་དཔལ་འབྱོར་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པ་དང་། ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་དང་ཀྲུང་གོ འཇར་པན། ཧན་གོ་བཅས་བར་གྱི་མཉམ་ལས་ཀྱི་སྔར་ལས་གསོན་ཤུགས་ལྡན་པའི་རྗེས་མའི་ལོ་ཉི་ཤུ་མཉམ་དུ་གསར་གཏོད་བྱེད་དགོས་ཟེར།