ཝང་ཅན་ཅུན་གྱིས་མགོ་ལོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།སྤྱི་ཟླ11པའི་ཚེས13ཉིན་ནས་ཚེས14ཉིན་བར།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅུན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོར་ཞང་དགུ་སྟོད་སྡེ་བར་སོང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། ཁོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དེ་དེང་སྐབས་ཀྱི་བྱ་བ་སྣ་ཚོགས་སྤེལ་བ་དང་ཟུང་སྦྲེལ་བྱས་ཏེ། དུས་རབས་གསར་པ་བསུ་བ་དང་། མདུན་སྐྱོད་ཀྱི་ལམ་བུ་གསར་བར་བསྐྱོད་པ། འཚོ་བ་གསར་བ་རོལ་བ་བཅས་བྱེད་དགོས་ཞེས་བསྟན་པ་རེད།

ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་ཚབ་བྱས་ཏེ་དགུ་སྟོད་སྡེ་བའི་ཏང་ཡོན་དང་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་། ཚང་མ་དང་མཉམ་དུ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་ཐད་ནས་བསམ་བློ་བརྗེ་རེས་བྱས། སྟོབས་ལྡན་དང་།ལྷུན་པོ།རྣམ་ཁོ་ཚེ་རིང་སོགས་སྡེ་བའི་ཏང་ཡོན་དང་མང་ཚོགས་ཀྱིས་སྔ་རྗེས་སུ་གཏམ་བཤད་ནས། འཕེལ་རྒྱས་ཀྱི་འགྱུར་ལྡོག་དང་མི་རིགས་མཐུན་སྒྲིལ། སྐྱེ་ཁམས་སྲུང་སྐྱོབ་བཅས་གླེང་སྟེ། ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བཅངས་པའི་དགའ་ཞེན་དང་བཀའ་དྲིན་གླེང་ལ། མེས་རྒྱལ་དང་སྤྱི་ཚོགས། ཕ་ཡུལ། འཚོ་བ་བཅས་ཐད་ཀྱི་ཕུགས་བསམ་དང་སྨོན་འདུན་བཟང་པོ་གླེང་། ཝང་ཅན་ཅུན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པས་སྙན་ཞུས་མང་ཚོགས་ཀྱི་སེམས་གཏམ་གླེང་ནས། ང་ཚོའི་མ་འོངས་པའི་བདེ་སྐྱིད་ལྡན་པའི་འཚོ་བར་འཆར་གཞི་བཀོད་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་ན། དུས་རབས་གསར་པ་བསུ་བ་དང་། མདུན་སྐྱོད་ཀྱི་ལམ་བུ་གསར་བར་བསྐྱོད་པ། འཚོ་བ་གསར་པ་རོལ་བ་བཅས་བྱེད་དགོས་ཏེ། གཅིག་ནི་མི་རིགས་མཐུན་སྒྲིལ་བྱེད་དགོས། གཉིས་ནི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་དགོས། གསུམ་ནི་ཐོན་ལས་གོང་འཕེལ་དུ་གཏོང་དགོས། བཞི་ནི་ཁོར་ཡུག་ལེགས་བཅོས་བྱེད་དགོས། ལྔ་ནི་རྨང་གཞི་ལ་ཤུགས་སྣོན་དགོས་ཟེར།

དེའི་སྐབས་སུ་ཝང་ཅན་ཅུན་རྨ་ཆེན་རྫོང་མི་རིགས་སློབ་ཆུང་དང་པོར་སོང་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་རར་བསྐྱོད་པའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། ཝང་ཅན་ཅུན་ཚན་རིག་ཁང་དང་དཔེ་མཛོད་ཁང་། རོལ་མོ་ཁང་བཅས་སུ་སོང་ནས། དགེ་སློབ་རྣམས་ལ་བརྩེ་བའི་གླེང་མོལ་བྱས་ལ། ཁོང་གིས་དགེ་རྒན་རྣམས་ཀྱིས་སློབ་ཁྲིད་བཟང་པོ་དང་སློབ་མ་རྣམས་ཀྱིས་སློབ་སྦྱོང་ལ་འབད་བརྩོན་བྱེད་དགོས་པའི་སྐུལ་མ་གནང་བ་དང་། ཏང་ཨུ་དང་སྲིད་གཞུང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་དུ་སློབ་གསོའི་ལས་དོན་སྔོན་ལ་གོང་འཕེལ་དུ་གཏོང་དགོས་ཞེས་པའི་རེ་བ་དངོས་འབེབས་བཟང་པོ་བྱས་ཏེ། སློབ་མ་ཚང་མར་འདྲ་མཉམ་དང་སྤུས་བཟང་གི་སློབ་གསོ་མྱོང་དུ་འཇུག་དགོས་པ་དང་། མི་དམངས་ཡིད་ཚིམས་པའི་སློབ་གསོ་བཟང་པོར་བསྒྲུབ་དགོས་པའི་མངགས་བཅོལ་གནང་བ་རེད།

ལོ་ཙཱ་བ། ཤ་མོ་འཚོ།