ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིན་གྱིས་ཚོང་ཁང་ཕྱིར་འཚོང་བྱེད་པའི་རིན་གོང་ལ་ཞིབ་བཤེར་བྱེད་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།   ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁང་གཞིས་ཐོན་ལས་ཚོང་ར་བརྟན་བརླིང་བདེ་ཐང་གིས་འཕེལ་རྒྱས་བྱུང་བར་སྐུལ་འདེད་བྱེད་པའི་ཐད་ཀྱི་ཇུས་ཆོད་བཀོད་སྒྲིག་ལག་ལེན་དོན་འཁྱོལ་བྱ་ཆེད་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱ་ཆེད།  རྒྱལ་ཁབ་ཀྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་སྟེ་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིན་གཉིས་ཀྱིས་ཟླ11པའི་ཚེས9ཉིན་ནས་ཟླ12པའི་ཚེས10བར་ཞིང་ཆེན་ཡོངས་ནས་ཚོང་ཁང་ཕྱིར་འཚོང་རིན་གོང་ལ་མཉམ་འབྲེལ་གྱིས་ཞིབ་བཤེར་བྱེད་རྒྱུ་གཏན་འཁེལ་བྱས།

ཐེངས་འདིར་ཁང་གཞིས་ཐོན་ལས་གསར་སྤེལ་ཁེ་ལས་ཀྱིས་ཕྱིར་འཚོང་ཐོག་ཁང་དང་ཁང་གཞིས་ཐོན་ལས་ངོ་སྤྲོད་བྱེད་པའི་ལས་ཁུངས་ཀྱིས་ཚོང་ཁང་ཕྱིར་འཚོང་བྱེད་པའི་རིན་གོང་ལ་ཞིབ་བཤེར་བྱེད་རྒྱུ་རེད།     དེའི་ཁྲོད་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་ནས་ཆེད་དོན་ཞིབ་བཤེར་བྱེད་པའི་ཁང་གཞིས་ཐོན་ལས་ཁེ་ལས20ལས་དམའ་མི་རུང་།  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནས་ཆེད་དོན་ཞིབ་བཤེར་བྱེད་པའི་ཁང་གཞིས་ཐོན་ལས་ཁེ་ལས10ལས་དམའ་མི་རུང་།   མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནས་ཆེད་དོན་ཞིབ་བཤེར་བྱེད་པའི་ཁང་གཞིས་ཐོན་ལས་ཁེ་ལས15ལས་དམའ་མི་རུང་།

ཆེད་དོན་ཞིབ་བཤེར་གྱིས་གཙོ་བོ་ཕྱིར་འཚོང་ཚོང་ཁང་གི་རིན་གོང་གསལ་འགོད་བྱས་མེད་པ་དང་ཉོ་ཚོང་བྱེད་ས་ནས་རིན་གོང་གསལ་འགོད་བྱས་མེད་པ། “ཁང་བ་རེ་ལ་ མཚོན་རྟགས་གཅིག”བྱས་པ་གཏན་འབེབས་ལྟར་ལག་བསྟར་བྱས་མེད་པ།  མཚོན་རྟགས་ཆ་འཕྲིན་ཆ་མི་ཚང་བ།     གཏན་འབེབས་ནང་དོན་ལྟར་རིན་གོང་གསལ་འགོད་བྱས་མེད་པ།   མཚོ་རྟགས་ཁང་བའི་ཕྱིར་འཚོང་གི་གནས་ཚུལ་གསལ་འགོད་བྱས་མེད་པ།  ཕྱིར་འཚོང་བྱས་ཟིན་པའི་ཁང་བའི་རིན་གོང་དངོས་ཡོད་རིན་གོང་དང་མི་མཐུན་པ་སོགས་ལ་ཞིབ་བཤེར་བྱ་རྒྱུ་རེད།