རང་ཞིང་གིས་ཞིང་གྲོང་གི་ཁང་པའི་ཉེན་འགོག་འགན་ལེན་ཁྱབ་གདལ་དུ་བཏང་བ།

ཁང་པའི་ཉེན་འགོག་འགན་ལེན་ལམ་ལུགས་ཀྱི་གནོད་སྐྱོབ་གནོད་འགོག་ཁྲོད་ནུས་པ་ཆེན་པོ་འདོན་ཆེད་དང་། རོང་འབྲོག་ཁུལ་གྱི་གནོད་ཐེབས་མང་ཚོགས་ཀྱི་སྡོད་ཁང་བསྐྱར་བསྐྲུན་ལ་གོ་ཆོད་པའི་སླད་དུ།  ཉེ་ལམ་ཞིང་ཆེན་དམངས་སྲིད་ཐིང་དང་ཞིང་ཆེན་ནོར་སྲིད་ཐིང་། འགན་ལེན་ལྟ་སྐུལ་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག་ཞིང་གྲོང་གི་ཁང་པའི་ཉེན་འགོག་འགན་ལེན་རྫོང་ལྔར་ཚོད་ལྟ་བྱས་པའི་ཉམས་མྱོང་ལ་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་ཐོག  སྲིད་གཞུང་གིས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཕྱོགས་ནས་ཞིང་གྲོང་གི་སྡོད་ཁང་འགན་ལེན་ཉོ་སྒྲུབ་བྱེད་པའི་བྱེད་ཐབས་ཞེས་པ་པར་འགྲེམས་བྱས། གཤམ་དུ་བྱེད་ཐབས་ཞེས་བསྡུས་མིང་འབྲི་རྒྱུ། 

 བྱེད་ཐབས་དེས་ཉེན་འགོག་འགན་ལེན་གྱི་གྲོན་དངུལ་དང་འགན་ལེན་དངུལ་འབོར་གཏན་འབེབས་བྱས་ཏེ།  ཉོ་སྒྲུབ་ཕྱོགས་དང་ཉོ་སྒྲུབ་གོ་རིམ་གཉིས་གཏན་ལ་ཕབ་པ་དང་།  འགན་ལེན་དང་གུན་གསབ་ཀྱི་ཁྱབ་ཁོངས་གཏན་འབེབས་བྱས་ནས་མཐུན་སྦྱོར་ལམ་ལུགས་དང་འགན་སྲུང་བྱེད་ཐབས་བཏོན།  རྩ་དོན་ལྟར་དུ།  ཞིང་ཁྱིམ་གྱི་སྡོད་ཁང་འགན་བཅོལ་གྱི་གྲོན་དངུལ་ལོ་རེར་སྒོར་སུམ་ཅུ་རེ་གཏན་ལ་ཕབ་ཡོད་པ་དང་། དེའི་ནང་རིམ་ཁག་སྲིད་གཞུང་གིས་སྒོར་༢༠ཁ་གསབ་དང་། ཞིང་ཁྱིམ་རང་ངོས་ནས་སྒོར༡༠རེ་སྤྲད་ན་ཆོག་ལ།   འགན་ལེན་མ་དངུལ་སྒོར་ཁྲི༣རེད།  སྤྱིར་བཏང་ཞིང་ཁྱིམ་གྱིས་འགན་བཅོལ་མ་ཉོས་ན་སྲིད་གཞུང་གིས་ཁ་གསབ་མི་སྤྲོད་པ་ཡིན་པས།  འདིར་ཞིང་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་ཡོད་པའི་ཁྱིམ་ཚང་དང་དམིགས་བསལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་། རྒྱལ་ཁབ་ཀྱི་འཆི་གོད་གྱོང་གསབ་དང་འཚོ་བའི་ཁ་གསབ་ཡོད་པའི་ཁྱིམ་ཚང་།  དབུལ་ཞིང་ཕོངས་པའི་དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་བཅས་ལ་དམིགས་ནས་རིམ་ཁག་སྲིད་གཞུང་གིས་འགན་བཅོལ་ལ་སྒོར༢༠ཁ་གསབ་བྱས་ནས་འགན་ལེན་སྒོར་ཁྲི༢ཉོ་སྒྲུབ་བྱ་རྒྱུ་དང་། དེའི་ཁར་རང་བདག་ནས་སྒོར་བཅུ་རེ་སྤྲད་ན་སྡོམ་པའི་འགན་ལེན་སྒོར་ཁྲི༣ཉོ་ཐུབ་པ་ཡིན།  ཞིང་ཁྱིམ་གྱི་འགན་བཅོལ་འདུ་ཤེས་ཇེ་དྲག་གཏང་ཆེད་དུ། བྱེད་ཐབས་ནང་སྔོན་ལ་ཁྱིམ་ཚང་རང་ངོས་ནས་འགན་ལེན་ཉོ་སྒྲུབ་ཀྱི་གྲོན་དངུལ་སྒོར་བཅུ་སྤྲད་རྗེས་སུ་ད་གཟོད་སྲིད་གཞུང་གིས་ཁ་གསབ་སྤྲོད་རྒྱུ་ཡིན་པ་གསལ་འབེབས་བྱས་འདུག

ཡིད་འཇོག་བྱ་དགོས་པ་ཞིག་ནི།  ཞིང་གྲོང་གི་སྡོད་ཁང་ཞེས་པ་ནི་རང་ཞིང་གི་ཞིང་ལས་ཁྱིམ་ཐོ་འཛིན་མཁན་གྱི་ཁྱིམ་ཚང་ལ་ཟེར་བ་ཡིན་ཞིང་། གཙོ་བོ་གཞིས་སྡོད་ཀྱི་ཁང་པ་ཡིན།  ད་སྔ་ཞིང་ཆེན་ནོར་སྲིད་ཀྱིས་ས་གནས་ཁག་ཏུ་ལོ་འཁོར་འདིའི་ཞིང་ཁྱིམ་སྡོད་ཁང་གི་ཉེན་འགོག་འགན་ལེན་ཏེ་ཞིང་ཆེན་རིམ་པའི་ཁ་གསབ་སྒོར་ཁྲི༩༩༣ས་གནས་སོ་སོར་སྤྲད་ཟིན་པས། རང་ཞིང་གིས་ལམ་ལུགས་ཀྱི་ངོས་ནས་ཞིང་ཁྱིམ་སྡོད་ཁང་གི་ཉེན་འགོག་འགན་ལེན་ཁྱོན་ཡོངས་ལ་ཁེབས་རྒྱུ་མངོན་འགྱུར་བྱུང་ཡོད།  

ལོ་ཙཱ་བ། ཁོན་ཐར་འཚོ།