ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ལས་བཟོ་བའི་ཕྱི་ཕྱོགས་སུ་བརྗེ་རེས་བྱེད་སའི་རྟེན་གཞི་ཐོག་མ་བཙུགས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།  ཉེ་སྔོན། མཚོ་སྔོན་ཞིང་ཆེན་གྱི་ལས་བཟོ་བའི་ཕྱི་ཕྱོགས་སུ་བརྗེ་རེས་བྱེད་སའི་རྟེན་གཞི་ཐོག་མ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་ཐཱ་ལ་ཐན་འོད་ནུས་ཐོན་ལས་གླིང་ཁུལ་ནས་བཙུགས་པ་རེད། འདིའི་རང་ཞིང་གི་ལས་བཟོ་བའི་ཕྱི་ཕྱོགས་ཀྱི་བརྗེ་རེས་ལས་དོན་སྟེགས་བུ་གསར་བ་ཞིག་གི་སྟེང་དུ་སླེབས་པ་མཚོན་ཡོད།

རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན། ས་གནས་མི་རིགས་རིག་གནས་འཛུགས་སྐྲུན་བཅས་ཀྱི་གྲུབ་འབྲས་གསར་བ་དྲིལ་བསྒྲགས་བྱ་ཆེད་བཟོ་ཚོགས་ཀྱིས་ཕྱི་དོན་བརྗེ་རེས་བྱ་བ་ཇེ་དྲག་ཏུ་བཏང་།  ད་ལོར་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཡུལ་དངོས་རྟོག་ཞིབ་དང་བརྗེ་རེས།  དཔྱད་འཇོག་བཅས་བརྒྱུད་དེ་རྨ་ཆུའི་ཆུ་གློག་ཀུང་ཟི(གསེར་ཆེན)འོད་ནུས་ཐོན་ལས་གླིང་ཁུལ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སེང་གེ་གཞུང་སྡེ་བའི་མཚོ་སྔོན་རེབ་གོང་ཐང་གའི་སྒྱུ་རྩལ་ཚད་ཡོད་ཀུང་ཟི་འདི་གཉིས་ཀ་མཚོ་སྔོན་ཞིང་ཆེན་གྱི་ལས་བཟོ་བའི་ཕྱི་ཕྱོགས་སུ་བརྗེ་རེས་བྱེད་སའི་རྟེན་གཞི་ཐོག་མ་རུ་བཞག

རང་ཞིང་ནི་ནུས་ཁུངས་གཙང་མ་ཐོན་སྐྱེད་ཀྱི་འཐུས་ཚབ་པ་དང་མི་རིགས་རིག་གནས་ཀྱི་ཚབ་མཚོན་ཡིན་པའི་ཆ་ནས། ཉེ་བའི་ལོ་འདི་འགར་རྒྱལ་སྤྱིའི་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཆེད་མཁས་པའི་འཐུས་ཚབ་ཚོགས་པ་དང་ཐེ་ཝན་ཐོན་ལས་བཟོ་ཚོགས་འཐུས་ཚབ་ཚོགས་པའི་ལས་ཁུངས་གཉིས་ལྟ་ཞིབ་བརྗེ་རེས་བྱེད་པར་སྣེ་ལེན་བྱས་ལ།  བརྗེ་རེས་བྱས་པ་བརྒྱུད་རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འདུ་ཤེས་གསར་བར་རྒྱུས་ལོན་བྱས་ཏེ།  ནུས་ཁུངས་གཙང་མ་འཛུགས་སྐྲུན་དང་མི་རིགས་རིག་གནས་འཕེལ་རྒྱས་ལ་གྲུབ་འབྲས་གསར་བ་བླངས་ཡོད་པ་ར་སྤྲོད་བྱས།