ཙོང་དང་། གཡེར་མ། རྒྱ་སྒོག བཅའ་སྒ་བཅས་ཀྱི་གཡོས་སྦྱོར་བྱེད་ཐབས།

དྲོ་རྫས་འདི་རིགས་ང་ཚོའི་དུས་རྒྱུན་གྱི་གཡོས་སྐོལ་ཁྲོད་བེད་སྤྱོད་གཏོང་གི་ཡོད་ལ། ལྷག་པར་དུ་ཚལ་བརྔོ་དུས་ཟས་ཀྱི་དྲོ་བ་ནེམ་ཆེད་ལ་མང་དུ་འཇོག་པ་དང་། བདེ་ཐང་ལ་མི་གནོད།  ཡིན་ན་ཡང་དེའི་སྐོར་གྱི་ཤེས་བྱ་མང་པོ་ཞིག་ང་ཚོར་གསལ་ཆ་མང་པོ་མེད་ཕྱིར་འདིར་མདོར་ཙམ་བརྗོད་པར་བྱ། 

ལུག་ཤ་དང་སྐམ་ཤའི་ནང་དུ་སྨག་རྒྱུའམ་གཡེར་མ་མང་པོ་བཞག་ན་བཟང་། 

      སྨག་རྒྱུའམ་གཡེར་མ་ནི་རང་ས་རང་ཡུལ་ནས་སྐྱེས་པའི་ཀྲུང་གོའི་དྲོ་རྫས་ཤིག་ཡིན།  འདི་ལ་དྲི་ཞིམ་ཞིང་ཕོ་བོ་བདེ་བ།  དྲོད་གསོ་གྲང་སེལ།རློན་སེལ་ཟུག་གཅོག   འབུ་གསོད་དུག་སེལ།  ཟ་འཁྲིགས་འཇགས་པ། དམར་དྲི་སེལ་ཐབས་ཀྱི་ཕན་ནུས་ཡོད།

གཞན་ཡི་ག་འབྱེད་པ་དང་ཁྲག་རྩ་གྱོང་བ། ཁྲག་ཤེད་ཇེ་དམའ་འགྲོ་བ་བཅས་ལ་ཕན་པས་སྐམ་ཤ་དང་ལུག་ཤ་བཙོ་སྐབས་སྨག་རྒྱུ་མང་པོ་བཞག་ན་ཧ་ཅང་བཟང་།

ཉ་ཤའི་རིགས་ནང་བཅའ་སྒ་མང་པོ་བཞག་ན་བཟང་། 

བཅའ་སྒ་ནི་རུས་ཚིགས་ན་བ་དང་སྐྲང་བ། རྨ་རྒྱག་པ། དེ་མིན་སོ་ན་བ་སོགས་ལ་ཕན།  གཞན་ཕོ་སྙིགས་སེལ་བ་དང་མཁྲིས་རྒྱུ་གཤེར་རྩི་ཇེ་དམའ།  སྐྱུག་བྲོ་བ།  ནད་དུག་ཆམ་འགོག   ཁྲག་སྙིགས་འབྱེད་པ། གྲུམ་ནད་ཡངས་པོ་སོགས་ལ་ཕན་ཐོགས་པས། ཉ་ཤའི་ནང་མང་དུ་བཞག་ན་ཉ་ཤའི་གྲང་གཤིས་སྙོམས་སྒྲིག་དང་ཉ་དྲི་འབྱིན་པ་ལ་ཕན་ཞིང་ཟས་འཇུ་བྱེད་ཀྱི་གྲོགས་སུ་འགྱུར་ངེས།

མགྲོན་བུའི་རིགས་ནང་ཙོང་མང་དུ་བཞག་ན་ལེགས།

ཟས་བཅུད་རིག་པའི་མཁས་པས་ཙོང་གི་ནང་དུ་སྤྲི་དཀར་དང་། ཚིལ།  མངར་རྒྱུ།  འཚོ་རྒྱུ་A、B、C།  ཀལ་དང་ལྕགས། མའེ་སོགས་ཟས་བཅུད་མང་པོ་འདུས་པ་སྨྲས་ཡོད་པས།  དེར་འཁྲུ་ནད་དབྱུག་སྲིན་དང་རྒན་འབྲུམ་ཟླུམ་སྲིན།  པགས་སྐྱིའི་འབུ་ཕྲ་སོགས་འགོག་པའི་ནུས་པ་ལྡན་པ་དང་།   མིའི་ལུས་ཀྱི་ནད་འགོག་གི་ནུས་ཤུགས་ཆེར་བསྐྱེད་ལ་ཕན་ཞིང་དབུགས་ལམ་དང་རྒྱུ་ལམ་གྱི་འགོས་ནད་རིགས་ལ་སྔོན་འགོག་བྱེད་ཐུབ།

མགྲོན་བུ་རིགས་ཀྱི་ཟས་རིགས་ཁྲོད་ཙོང་མང་དུ་བཞག་ན་མགྲོན་བུའི་གྲང་གཤིས་སེལ་མི་ཐུབ་མ་ཟད་སྨན་ལོག་ཏུ་མི་འགྲོ་བའི་ནུས་པ་ལྡན། ནམ་རྒྱུན་མགྲོན་བུ་རིགས་ཟ་དུས་མི་མང་པོར་དེ་མ་འཕྲོད་པར་ལུ་བ་དང་ཁོག་པ་ན་བ་སོགས་ཟས་ལོག་ཏུ་གྱུར་བའི་ནད་རྟགས་འབྱུང་སྲིད་ཀྱི་ཡོད་པ་རེད། ཟས་རིགས་འདི་རིགས་གཡོས་སྦྱོར་བྱེད་དུས་ཙོང་མང་པོ་བཞག་ན་ཟས་ལོག་གམ་ལུས་ལ་མི་འཕྲོད་པའི་ཆ་དེ་སེལ་ཐུབ་ཀྱི་ཡོད་པ་རེད།

བྱ་ཤའི་ནང་རྒྱ་སྒོག་མང་དུ་བཞག་ན་བཟང་།


རྒྱ་སྒོག་ལ་དུག་སེལ་དུག་འབྱིན་གྱི་ནུས་པ་ཁྱད་པར་ལྡན་པ་ཀུན་གྱིས་ཤེས་པ་ལྟར་རང་བྱུང་དུ་གྲུབ་པའི་དུག་འགོག་རྫས་ཤིག་རེད།  དེའི་ནང་སྒོག་པ་ཨན་སྐྱུར་ཞེས་པའི་དངོས་རྒྱུ་ཁྱད་པར་ཞིག་ཡོད་པས།  ཁྲག་རྩར་བརྒྱུད་དུས་སྒོག་ཆེན་རྒྱུ་རུ་འགྱུར་ནས་དྭངས་སྙིགས་འབྱེད་ཐུབ་པ་མ་ཟད། ལོང་གའི་དབྱུག་སྲིན་དང་། འཁྲུ་ནད་དབྱུག་སྲིན། རྒན་འབྲུམ་ཟླུམ་སྲིན་སོགས་ནད་སྲིན་མང་པོ་གསོད་ཐུབ་ཀྱི་ཡོད།  གལ་ཏེ་བྱ་ཤའི་ནང་རྒྱ་སྒོག་མང་དུ་བཞག་ན་དྲི་ཞིམ་པ་མ་ཟད། ཟས་མི་འཇུ་བ་སོགས་པའི་ནད་གང་ཡང་འབྱུང་མི་སྲིད།  རྒྱ་སྒོག་ལ་ནད་སེལ་གྱི་ནུས་པ་མང་པོ་ཞིག་ལྡན་ན་ཡང་། ཉིན་རེར་སྒོག་རུས་བཞི་ཟས་ན་ཚད་དང་རིན་པ་ཡིན་ལ། ཁོག་སྟོང་དུ་བཟའ་མི་རིགས།  ལྷག་པར་དུ་ཕོ་བའི་གཉན་ཚད་དང་། ཕོ་བ་སྨུག་པོ། མཁལ་མའི་གཉན་ཚད། སྙིང་ནད། རྩ་འགག་པ།རྒྱུ་སོར་བཅུ་གཉིས་རུལ་འགྱུར་ལ་སོགས་ཀྱི་ནད་པས་རྒྱ་སྒོག་རློན་པ་ཟ་མི་རུང་།

ལོ་ཙཱ་བ། ཁོན་ཐར་འཚོ།