བཀའ་བརྒྱུད་སྒར་གསར་མའི་ཡིག་གཟུགས་ཀྱི་རྒྱུད་འཛིན་པ་འབྱོ་ཐུབ་བསྟན་བཟང་པོ།

འབྱོ་ཐུབ་བསྟན་བཟང་པོ བཀའ་བརྒྱུད་སྒར་གསར་མ ཡིག་གཟུགས་ཀྱི་རྒྱུད་འཛིན་པ

ཉེ་ལམ་ཀྲུང་གོའི་གཟུགས་མེད་ཤུལ་བཞག་རིག་གནས་རྒྱུད་འཛིན་པ་རྣམས་ཀྱི་ཞིབ་འཇུག་ཟབ་སྦྱོང་འཆར་འགོད་ཚོགས་ཐེངས་དགུ་བ་དེ་པེ་ཅིང་ནས་བདེ་བླག་ངང་མཇུག་སྒྲིལ་ཞིང་།ཡུལ་ཤུལ་ནས་པེ་ཅིང་དུ་ཡོང་བའི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་པ་ཉི་ཤུ་ཆིང་ཧྭ་སློབ་ཆེན་དང་ཁ་བྲལ་ནས་ཕྱིར་ཕ་ཡུལ་ཏུ་ལོག   པར་འདི་ནི་ཆིང་ཧྭ་སློབ་ཆེན་མཛེས་རྩལ་སློབ་གླིང་གིས་སྤེལ་བའི་གཟུགས་མེད་ཤུལ་བཞག་རིག་གནས་འགྲེམ་སྟོན་བྱེད་སར་བཀའ་བརྒྱུད་སྒར་གསར་མའི་བྲིས་རྒྱུན་གྱི་རྒྱུད་འཛིན་པ་འབྱོ་ཐུབ་བསྟན་བཟང་པོ་ཡིས་ཡིག་བྲིས་སྒྱུ་རྩལ་ངོམ་ཚུལ་ཡིན་ལ།  དེར་ཡོང་གི་གཟུགས་མོ་བའི་མིག་དབང་བཀུགས།

ཐེངས་འདིའི་བྱེད་སྒོར་ཞུགས་མཁན་གྱི་གཟུགས་མེད་ཤུལ་བཞག་རིག་གནས་རྒྱུད་འཛིན་པའི་ཁྲོད་དུ།  བཀའ་བརྒྱུད་སྒར་གསར་མའི་ཡིག་གཟུགས་ཀྱི་རྒྱུད་འཛིན་པ་འབྱོ་ཐུབ་བསྟན་བཟང་བོ་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གི་ཀ་གཞུང་ཡུལ་ཚོ་དམེ་མདོ་གྲོང་ཚོ་ནས་ཡིན།  ཀ་གཞུང་ཡུལ་ཚོ་འདི་ལ་ཡིག་བྲིས་སྒྱུ་རྩལ་གྱི་ཕ་ས་ཞེས་པའི་མཚན་སྙན་ཡོད། དམངས་ཁྲོད་དུའང་བོད་ཡིག་གི་ཡིག་བྲིས་ལ་དགའ་མོས་མཁན་ཧ་ཅང་མང་བ་མ་ཟད། དེ་ལ་མཐོང་སྣང་ཆེན་པོ་མཛད་པའི་སྲོལ་བཟང་ཞིག་མ་བཅོས་རང་ཤུགས་ཀྱིས་ཆགས་ནས་ཡུན་རིང་འགོར་ཡོད། དེ་ནི་ཡུལ་ལུང་དེ་རང་བྱུང་གི་བཀོད་པ་ལྟ་ན་སྡུག་ཅིང་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་བོ་ཆགས་པའི་རྩོལ་བྱུང་རིག་གནས་ཀྱི་བྱང་ཁོག་འདི་ནས་མཚར་ལོངས་བྱུང་བའི་ཐུན་མིན་གྱི་ཡིག་གཟུགས་ཤིག་ཡིན་པ་དང་། ནང་སྒོས་སུ་བཀའ་བརྒྱུད་སྒར་གསར་མའི་ཡིག་བྲིས་འདི་ལ་ཡུལ་ལུང་དེའི་ཧ་ཅང་མཐོང་ཆེན་གནང་ས་ཞིག་ཡིན།  པར་འདི་ནི་འབྱོ་ཐུབ་བསྟན་བཟང་བོས་བྲིས་པའི་བཀའ་བརྒྱུད་སྒར་གསར་མའི་བྲིས་རྒྱུན་གྱི་ཡིག་གཟུགས་བརྩམས་ཆོས་ཡིན། 

བཀའ་བརྒྱུད་སྒར་གསར་མའི་ཡིག་བྲིས་འདི་ནི་ལོ་ངོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་ཅིང་། སི་ཏུ་སྐུ་ཕྲེང་བརྒྱད་པ་ཆོས་ཀྱི་འབྱུང་གནས་(༡༧༠༠-༡༧༧༤)མཆོག་ནས་བརྒྱུད་པའི་བཀའ་བརྒྱུད་པའི་ཕྱག་བྲིསག་ཡིན་ཕྱིར། བཀའ་བརྒྱུད་གྲུབ་མཐའི་གཙུག་གི་ནོར་བུ་བླ་མ་དམ་པ་འདིའི་མཚན་ལྟས་བཟང་བོ་མིང་དུ་བཏགས་པར་བཤད་ལ།  ད་བར་དུ་ལོ་ངོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཕྱིན་ཡོད་སྐད།  ཡིག་བྲིས་འདིའི་རྒྱུད་འཛིན་པའི་རབས་བཞི་བ་འཕྲིན་ལས་ཀྱི་རྒྱལ་མཚན་སྲིད་རྩེར་སྒྲེང་མཁན་འབྱོ་ཁྱུང་སྤྲུལ་པདྨ་འཕྲིན་ལས་རྒྱ་མཚོ་རིན་པོ་ཆེ་(༡༨༨༦-༡༩༤༨)མཆོག་ནས་བྲིས་རྒྱུན་འདི་ཕ་ཡུལ་ཀ་གཞུང་གི་ཡུལ་ཚོ་འདིར་ཞུས་ཏེ་དེ་གར་ཡིག་བྲིས་དགའ་ཞེན་ཅན་སྐོར་ཞིག་ཞབས་འོག་ཏུ་དྲངས་ནས་སློབ་བུ་བསྐྱངས་པས། རིག་པའི་མཁས་པ་རྣམས་ཀྱིས་ཀྱང་ཡིག་བྲིས་ཀྱི་ཕ་ས་ཀྲུང་གོའི་ཀ་གཞུང་ཞེས་པའི་མཚན་སྙན་འདི་ནི་དམ་པ་མཆོག་གི་སྐུ་དྲིན་དང་འབྲལ་ཐབས་མེད་པར་ངོས་འཛིན་དང་ར་སྤྲོད་ཀྱི་མགྲིན་གཟེངས་སུ་བཏེགས་ཏེ་བརྗོད་ཡོད། པར་འདི་ནི་འབྱོ་ཁྱུང་སྤྲུལ་པདྨ་འཕྲིན་ལས་རྒྱ་མཚོ་རིན་པོ་ཆེ་མཆོག་གི་ཞལ་ཐང་ཡིན།

དམ་པ་འདིའི་སྲས་ཐུབ་བསྟན་བཟང་པོའི་ཨ་མྱེ་འབྱོ་པདྨ་འཇིགས་མེད་རིན་པོ་ཆེ་(༡༩༢༧-༡༩༩༩)མཆོག་གིས་ཕ་ཤུལ་བུ་ཡིས་བསྐྱངས་ནས་བཀའ་བརྒྱུད་སྒར་གསར་མའི་བྲིས་རྒྱུན་འདིའི་རྒྱུད་འཛིན་པ་གཉིས་པར་ཆགས། པར་འདི་ནི་འབྱོ་ཐུབ་བསྟན་བཟང་བོའི་ཨ་མྱེ་འབྱོ་པདྨ་འཇིགས་མེད་རིན་པོ་ཆེ་མཆོག་གི་ཞལ་ཐང་ཡིན།

བཀའ་བརྒྱུད་སྒར་གསར་མའི་བྲིས་རྒྱུན་འདི་ནི་དེ་ལྟར་དུ་ཁྱིམ་རྒྱུད་དེའི་རབས་ནས་རབས་སུ་མ་ཆད་པར་འཛིན་སྐྱོང་སྤེལ་གསུམ་བྱས་པ་ཞིག་ཡིན། ཁྱིམ་རྒྱུད་འདིའི་རབས་གསུམ་པའི་རྒྱུད་འཛིན་མཁན་འབྱོ་ཀརྨ་བཤད་སྒྲུབ(༡༩༥༣-)ལགས་ཀྱི་ཐུགས་བརྩེའི་ཟབ་མོ་བསྐྱངས་འོག   ༢༠༡༥ལོར་ཐུབ་བསྟན་བཟང་བོ་ལ་མི་རྣམ་རིན་པོ་ཆེ་དང་ཀ་གཞུང་ཡུལ་ལུང་གི་ཡིག་གཟུགས་མཁན་མང་པོ་ཐུན་མོང་གིས་ཁས་ལེན་ཐོབ་ནས་བཀའ་རྒྱུད་སྒར་གསར་མའི་ཡིག་གཟུགས་ཀྱི་རྒྱུན་འཛིན་པ་རབས་བདུན་པ་དང་། འབྱོ་ཁྱིམ་རྒྱུད་ཀྱི་རབས་བཞི་བའི་རྒྱུད་འཛིན་པར་གྱུར། པར་འདི་ནི་ཐུབ་བསྟན་བཟང་བོའི་ཕ་འབྱོ་ཀརྨ་བཤད་སྒྲུབ་ལགས་ཀྱིས་བོད་ཀྱི་ཡིག་གཟུགས་ལ་ཞིབ་འཇུག་བགྱི་བའི་ཚུལ་ཡིན།

ཨ་མྱེ་དང་ཕ་རྒན་གྱི་ཤུགས་རྐྱེན་འོག་ཏུ་ཐུབ་བསྟན་བཟང་པོ་ཡང་བོད་ཀྱི་ཡིག་གཟུགས་ལ་དུང་ཞེན་ཟབ་མོ་ཆགས།  ཁོས་ནམ་རྒྱུན་དུ་ཨ་མྱེ་དང་ཕ་རྒན་གྱི་ཡིག་གཟུགས་བརྩམས་ཆོས་ལག་ཏུ་ཐོགས་ནས་དེ་ལ་ཞིབ་འཇུག་དང་ལད་འབྲི་བྱེད་རྒྱུ་དགའ་བོ་ཡོད།  ལོ༡༠ཡི་ཐོག་དངོས་སུ་ཡིག་གཟུགས་ཀྱི་འབྲི་ཐབས་ལ་སྦྱངས་བའི་མགོ་བརྩམས་པ་རེད། པར་འདི་ནི་ཐུབ་བསྟན་བཟང་བོའི་ཁྱིམ་དུ་ཉར་ཚགས་བྱས་པའི་ཨ་མྱེ་ཡི་ཡིག་གཟུགས་བརྩམས་ཆོས་ཡིན།

བཀའ་བརྒྱུད་སྒར་གསར་མའི་ཡིག་གཟུགས་ལ་ཡིག་མགོའི་ཤ་ཁ་གང་ཞིང་། ལུས་གཟུགས་སྙོམས་ཆ་དོད་པ། འགྲོས་སྟབས་ཡངས་ཤིང་མཉེན་པ་བཅས་ཀྱི་ཁྱད་ཆོས་ལྡན་ཞིང་།  དེ་འབྲི་བ་ལ་ཡི་གེའི་གྲལ་སྒྲིག་སྟངས་དང་། ཡི་གེའི་ཆེ་ཆུང་། ཡི་གེའི་བར་ཐག་སོགས་ལ་རེ་བ་ནན་མོ་ཡོད།  ཐ་ན་གསལ་བྱེད་ཡི་གེ་ནང་གི་སུག་རིང་ཁག་གི་རིང་ཚད་དང་ཕྲ་སྦོམ་གྱི་འགྱུར་བ་སོགས་ལ་ཧ་ཅང་གི་ཞིབ་ཆ་ཆེན་པོ་ཡོད་པས། ལས་དང་པོ་མཇུག་མཁན་ཐུབ་བསྟན་བཟང་བོ་ཡིས་ཀྱང་ཟླ་བ་དུ་མའི་རིང་ལ་སྦྱངས་པ་བྱས་རྗེས་ད་གཟོད་བོད་ཡིག་གི་གསལ་བྱེད་དག་བྱང་ཆ་དོད་པོའི་ངང་འབྲི་ཐུབ་བྱུང་བ་རེད།

པར་འདི་ནི་བོད་ཀྱི་ཡིག་གཟུགས་འབྲི་བྱེད་ཀྱི་སྨྱུ་གུ་དང་།  ནག་ཚ།  ཐམ་ཀ  ཐམ་མཚལ་སོགས་ཡིན།

འབྲི་སྦྱོང་གི་བརྒྱུད་རིམ་ཁྲོད་ཀྱི་དཀའ་གནད་ཀྱི་དུས་རིམ་གང་མང་བརྒྱུད་ནའང་།  ཡིག་གཟུགས་ལ་དགའ་ཞེན་ཆེ་བ་དང་ཕ་རྒན་གྱི་མཛུབ་སྟོན་འོག  ཐུབ་བསྟན་བཟང་པོས་དཀའ་ངལ་ཁྱད་དུ་བསད་ནས་རྒྱུན་འཁྱོངས་བྱེད་ཐུབ་པར་གྱུར་པ་རེད། ལོ་ནས་ལོ་བར་གྱི་སྦྱངས་བརྩོན་ལྷོད་མེད་བརྒྱུད་མཐར།ཐུབ་བསྟན་བཟང་པོས་ཡིག་གཟུགས་ཀྱི་ཞིབ་འཇུག་དང་ངོས་ཟིན་སྔར་བས་གཏིང་ཟབ་པར་གྱུར་ནས་འཕྲལ་མར་ཀ་གཞུང་ཡུལ་ཚོའི་ཡིག་གཟུགས་ལ་དགའ་མོས་ཅན་གྱི་གཞོན་ནུའི་སྡེའི་འཇོན་ཐང་ཅན་དུ་གྱུར་ལ། ཐེངས་དུ་མར་བྱ་དགའ་ཡང་ཐོབ་མྱོང་པ་རེད། པར་འདི་ནི་ཐུབ་བསྟན་བཟང་པོར་ཡིག་གཟུགས་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པའི་ཚུལ་རེད། 

2015ལོར་ནང་ཆེན་རྫོང་རིག་གནས་ཅུས་ཀྱིས་འབྱོ་ཐུབ་བསྟན་བཟང་པོར་བཀའ་བརྒྱུད་སྒར་གསར་མའི་ཡིག་གཟུགས་རྒྱུད་འཛིན་པའི་མཚན་སྙན་བསྩལ་བ་མ་ཟད།  ཡིག་གཟུགས་དེ་ཉིད་རྫོང་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་གྲས་སུ་བདམས།  2017ལོར་ཡུལ་ཤུལ་ཁུལ་རིག་གནས་ཅུས་ཀྱིས་ཡང་བསྐྱར་ཁུལ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་གྲས་སུ་བདམས། པར་འདི་ནི་ཀ་གཞུང་ཡུལ་ཚོའི་དམངས་ཁྲོད་ཡིག་གཟུགས་མཐུན་ཚོགས་ཀྱི་ཡིག་གཟུགས་འགྲེམས་སྟོན་ཁྲོད་ཡུལ་ཤུལ་ཁུལ་གྱི་ཁུལ་ཨུད་ཀྱི་ཧྲུའུ་ཅི་ཝུའུ་ཏེ་ཅུན(གཡོན་གྱི་དང་པོ) ཡུལ་ཤུལ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་དགེ་གྲགས(དཀྱིལ)ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཕུན་ཚོགས་ཟླ་བ(གཡས་ཀྱི་གཉིས་པ) དང་ཐུབ་བསྟན་བཟང་པོས་བྱམས་བརྩེའི་ངང་གླེང་མོལ་གནང་བཞིན་པ་རེད། 

མི་རབས་གསར་པའི་བཀའ་བརྒྱུད་སྒར་གསར་མའི་ཡིག་གཟུགས་རྒྱུད་འཛིན་པ་ཡིན་པའི་ཆ་ནས། ཐུབ་བསྟན་བཟང་པོས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་ལས་འགན་ཡིད་ལ་དམ་པོར་བཅིངས་ནས་ཡིག་གཟུགས་རྒྱུད་འཛིན་དང་འཕེལ་རྒྱས་ཐད་ནུས་ཤུགས་འདོན་གྱི་ཡོད་པ་རེད། ཁོང་གིས“བོད་ཡིག་ཡིག་གཟུགས་ནི་བོད་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ཡིན་ནའང་དེ་ཉིད་ལ་རྒྱུན་ལོན་མཁན་མང་པོ་ཡོད་པ་མ་རེད། ང་ཚོས་ཕུལ་བྱུང་གི་རིག་གནས་འདི་ཉིད་ཕྱི་ལ་ངོམ་ནས་མི་དེ་ལས་མང་པོས་ངོས་འཛིན་དང་ཤེས་རྟོགས་བྱུང་པ་བྱ་དགོས ” ཞེས་བརྗོད་བྱུང་། ད་རེས་ཀྱི་གཟུགས་མེད་ཤུལ་བཞག་རིག་གནས་ཆིང་ཧྭར་བསྐྱོད་པའི་བྱེད་སྒོ་འདི་ནི་མང་ཚོགས་གཟུགས་མེད་ཤུལ་བཞག་རིག་གནས་དང་ཐག་ཉེ་བར་བཅར་པའི་གོ་སྐབས་བཟང་པོ་ཞིག་རེད། པར་འདི་ནི་ཆིང་ཧྭའི་གཟུགས་མེད་ཤུལ་བཞག་རིག་གནས་འགྲེམས་འཁྲབ་བྱེད་སྒོའི་ཁྲོད་ཐུབ་བསྟན་བཟང་པོས་ཆིང་ཧྭ་མཛེས་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ཀེང་ཆུས་ཡེས་དང་ལྷན་དུ་མཉམ་པར་བསྐྱོན་པ།

རིག་གནས“ཕྱིར་ཁྱེར་པ” ལས་གཞན་མི་རབས་རྗེས་མའི་རྒྱུད་འཛིན་པ་གསོ་སྐྱོང་ཇི་ལྟར་བྱ་རྒྱུ་དེ་ཡང་ཐུབ་བསྟན་བཟང་པོས་གདོང་གཏད་དགོས་པའི་གནད་དོན་ཞིག་ཏུ་ལྷགས་ཡོད་དེ། ཁོང་གིས། ཡིག་གཟུགས་ལ་དགའ་ཞེན་བྱེད་མཁན་ངོ་མ་གསར་རྙེད་དང་གསོ་སྐྱོང་བྱེད་ཐུབ་པར་གྱུར་ནས། རིག་གནས་སྒྱུ་རྩལ་འདི་ཉིད་རྒྱུད་འཛིན་ཐུབ་པའི་རེ་སྨོན་ཡོད་ཅེས་བརྗོད་བྱུང་། པར་འདི་ནི་ཐུབ་བསྟན་བཟང་པོས་བྱིས་པ་ཚོར་ཡིག་གཟུགས་ཁྲིད་བཞིན་པ་རེད།

“ གཟུགས་མེད་ཤུལ་བཞག་རིག་གནས་རྒྱུད་འཛིན་པ” “ བོད་ཡིག་ཡིག་གཟུགས་མཁས་ཅན”གྱི་མིང་ཐོབ་ལས་གཞན། ཐུབ་བསྟན་བཟང་པོར་གཞན་ཡང་སློབ་ཆེན་གྱི་སློབ་མའི་མིང་ཐོབ་ཀྱང་ཡོད་དེ། ད་ལོའི་ཟླ7པར། ཐུབ་བསྟན་བཟང་པོ་ནུབ་བྱང་མི་རིགས་སློབ་ཆེན་བོད་ཡིག་རྩོམ་རིག་ཆེད་ལས་ནས་སློབ་མཐར་ཕྱིན་པ་ཡིན་ལ། འབྱུང་འགྱུར་སྐོར་གླེང་སྐབས། 95 ལོའི་རྗེས་ཀྱི་བོད་རིགས་ལོ་གཞོན་འདིས་ཧ་ཅང་ཡུན་རིང་གི་འཆར་གཞི་བཀོད་མེད་དེ། ཁོང་གིས“ དེ་ལས་མིག་མདུན་གྱི་ལས་དོན་ཡག་པོ་བསྒྲུབ་ན་སྙམ་བྱུང་། ” དེ་ལྟར་ནའང་། ཁོས་མུ་མཐུད་དུ་ཞིབ་འཇུག་སློབ་རིམ་སློབ་གཉེར་བྱས་ཏེ། ཁོ་རང་དགའ་མོས་ཡོད་པའི་བོད་ཀྱི་སྐད་ཡིག་རྩོམ་རིག་ལ་སློབ་གཉེར་དང་དེ་བཞིན་བོད་ཡིག་ཡིག་གཟུགས་ཀྱི་བྱ་གཞག་རྒྱུད་འཛིན་བྱེད་པའི་རེ་བ་རྒྱག་གི་འདུག  པར་འདི་ནི་ཐུབ་བསྟན་བཟང་པོའི་ཉེ་དུས་ཀྱི་འདྲ་པར་རེད།