གཏེར་ལེན་ཁ་གྲོང་ཁྱེར་གྱིས་ཁྱིམ་ཚང་དབུལ་བོ་དག་གི་སྨན་རིན་རྩིས་ཞུའི་ཐད་ཞབས་ཞུ་སྟབས་བདེ་མཁོ་སྤྲོད་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ11པའི་ཚེས29ཉིན་གཏེར་ལེན་ཁ་གྲོང་ཁྱེར་གྱིས་དབུལ་ཕོངས་མི་དམངས་ཀྱི་དུས་ཡུན་རིང་བོའི་སྨན་རིན་རྩིས་ཞུའི་ཐད་ཀྱི་དཀའ་ཁག་སོགས་ལ་གཞིགས་ནས་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ལུགས་མཐུན་སྒོས་མི་ཤུགས་ཐོན་ཁུངས་ཀྱི་ལས་མི་སྙོམས་སྒྲིག་བྱས་ཏེ། དམངས་སྲིད་ལེགས་སྒྲིག་དང་འཕྲོད་བསྟེན་འཆར་ལྡན་ཨུ་ལྷན། འགན་བཅོལ་སོགས་སྤྱི་ཚོགས་ཐོན་ཁུངས་ཕུལ་བྱུང་རང་བཞིན་གྱི་ལས་ཁུངས་རྩ་འཛུགས་བྱས་ནས། འབྲེལ་ཡོད་ལས་ཁུངས་སོ་སོའི་ནང་ལས་བྱེད་མི་སྣ5རེ་འདེམས་སྒྲུགས་ཀྱིས་མཚོ་ནུབ་ཁུལ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ཁྱིམ་ཚང་དབུལ་བོ་དམིགས་འབེན་དུ་བཟུང་ནས་སྨན་རིན་རྩིས་ཞུའི་ཐད་ཞབས་ཞུའི་ཆེད་སྤྱོད་སྒྲོམ་གཞི་གསར་འཛུགས་བྱས་པ་རེད།

ཚེས29གྱི་ཕྱི་དྲོ། སྨན་རིན་རྩིས་ཞུའི་ཐད་ཞབས་ཞུའི་གཞུང་སྒྲུབ་ཅོག་ཙེ་འགྲམ་འགྲོ་ལུགས་འདྲ་མིན་སྒྲུབ་དུ་འོངས་བའི་མང་ཚོགས་ཀྱིས་ཁེངས་འདུག ཀ་ཧེ་གྲོང་བརྡལ་ཧྥུ་ཡོན་སྡེ་བའི་ཁྱིམ་ཚང་དབུལ་བོ་མའར་ཧྲ་རྒན་རྒོན་གཉིས་ཀྱང་སྨན་བཅོས་གྲོན་དངུལ་རྩིས་ཞུ་བྱེད་པའི་འགྲོ་ལུགས་སྒྲུབ་དུ་འོངས་ཡོད། ལས་བྱེད་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། སྔོན་ཆད་མའར་ཧྥ་ལྟ་བུའི་དམིགས་གསལ་གྱི་སྨན་རིན་རྩིས་ཞུ་མཁན་རྣམས་སྡེ་ཁག་མང་པོར་ཐེངས་གང་མང་ལ་རྒྱུགས་དགོས་ཟེར། དེའི་རྒྱུ་རྐྱེན་ནི་ལོ་ན་བགྲེས་ཤིང་ལུས་པོ་ཉམ་ཐག་དང་དེའི་ཁར་ཡི་གེ་མི་ཤེས་པ་བཅས་ཀྱི་དབང་གིས་ལས་ཁུངས་གཅིག་གི་ནང་ལ་ཡང་ཐེངས་མང་པོར་འགྲོ་དགོས། ད་ལྟ་ཁྱིམ་ཚང་དབུལ་བོའི་སྨན་རིན་རྩིས་ཞུ་དང་སྨན་བཅོས་རོགས་སྒྲུབ་ཞབས་ཞུ་གསར་འཛུགས་བྱས་པས། སྨན་བཅོས་དོ་དམ་དང་འགན་སྲུང་དམའ་བའི་ལས་ཁུངས། ཚེ་སྲོག་འགན་སྲུང་སོགས་འབྲེལ་ཡོད་ལས་ཁུངས་དག་གིས་མཉམ་གཅིག་ཏུ་གཅིག་བསྡུས་ཀྱིས་གཞུང་སྒྲུབ་བྱས་པ་བརྒྱུད་ཁྱབ་ཆེ་ས་ནས་མང་ཚོགས་ཀྱིས་ལས་དོན་སྒྲུབ་པར་སྟབས་བདེ་ཆེན་པོ་བསྐྲུན་ཡོད། དབུལ་ཕོངས་མང་ཚོགས་ཀྱིས་འབྲེལ་ཡོད་གཞིར་འཛིན་དཔང་ཡིག་དང་དངུལ་ཁང་གི་བྱང་བུ་མཁོ་སྤྲོད་བྱས་པ་ན། ད་བཟོད་དངུལ་ཁང་གིས་རྩིས་ཞུ་བྱས་པའི་སྨན་རིན་དེ་དངུལ་ཁང་བྱང་བུའི་སྟེང་ཡོང་བར་སྒུག་ནས་བསྡད་ཆོག་ལ། དེ་ལས་གཞན་པའི་དོན་དག་མཐའ་དག་སྨན་རིན་རྩིས་ཞུའི་ཞབས་ཞུའི་གཞུང་སྒྲུབ་མི་སྣ་དག་གིས་ཡོངས་འགྲུབ་བྱ་ངེས། འགྲོ་འདུག་སྟབས་བདེ་མིན་པའི་ཁྱིམ་ཚང་དབུལ་བོ་དག་གིས་ཐ་ན་སྡེ་སྡོད་ཧྲུའུ་ཅི་དང་པོ་དང་ལས་བྱེད་པ་ལ་མངག་བཅོལ་གྱིས་རྒྱུ་ཆ་མཁོ་སྤྲོད་བྱས་ཏེ་འགྲོ་ལུགས་སྒྲུབ་ན་ཡང་ཆོག་པ་རེད།

གཏེར་ལེན་ཁ་གྲོང་ཁྱེར་གྱིས་སྨན་རིན་རྩིས་ཞུའི་ཐད་ཞབས་ཞུའི་ཆེད་སྤྱོད་ལས་དོན་སྒོ་འབྱེད་བྱས་པ་བརྒྱུད་འཕྲོད་བསྟེན་ཞབས་ཞུའི་མ་ལག་གོམ་གང་མདུན་སྤོས་ཀྱིས་འཐུས་ཚང་དུ་བཏང་བ་མ་ཟད། དེའི་བར་གྱི་གོ་རིམ་མང་པོ་ཞིག་ཀྱང་མེད་པར་བཏང་སྟེ། ལས་སྒྲུབ་ཀྱི་བརྒྱུད་རིམ་དེ་ཉིང་བསྡུས་སྟབས་བདེ་ཅན་དུ་བཏང་ཤིང་། ཁྱིམ་ཚང་དབུལ་བོ་དག་གི་དུས་ཚོད་དང་དཔལ་འབྱོར་ཐད་ཀྱི་ཁུར་བོ་ཡང་སྔར་ལས་ཇེ་ཆུང་དུ་བཏང་སྟེ་གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་དབུལ་སྐྱོར་བྱ་བའི་སྒྲིག་གཞི་དེ་སྔར་ལས་ལུགས་མཐུན་དང་སྔར་ལས་འཐུས་ཚང་སྒོས་བདེ་ཐང་འཕེལ་རྒྱས་ཀྱི་མྱུར་ལམ་དུ་གོམ་ཁ་བསྒྱུར་བས་རྒྱ་ཆེའི་དབུལ་ཕོངས་མང་ཚོགས་ཀྱིས་དགའ་བསུ་ཐོབ་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།