མ་མཐའི་འཚོ་བའི་འགན་སྲུང་ལ་སྙན་ཞུ་ཇི་ལྟར་ཞུ་དགོས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་དྲ་གྲོགས་ཤིག་གིས་ནུབ་མཚོ་གྲོང་ཁྱེར་ཚགས་པར་སྡོད་ཁུལ་གྱི་འབྲེལ་གཏུག་ས་ཚུགས་སུ་ཡོང་ནས་མ་མཐའི་འཚོ་བའི་འགན་སྲུང་ལ་སྙན་ཞུ་ཇི་ལྟར་ཞུ་དགོས་སྐོར་ནས་བློ་དྲིས་བྱུང་།  

རྒྱུས་ལོན་པ་ལྟར་ན། སྤྱི་ཚོགས་རོགས་སྐྱོབ་ཀྱི་གནས་སྐབས་ལག་བསྟར་བྱེད་ཐབས་ཀྱི་དོན་ཚན་བཅུ་གཅིག་པའི་ནང་དུ།   མ་མཐའི་འཚོ་བའི་འགན་སྲུང་ལ་སྙན་ཞུ་དགོས་ན།

དང་པོ། ཁྱིམ་ཚང་གཅིག་ཡིན་པའི་ཁོངས་མིས་ཐེམ་ཐོ་ཡོད་སའི་ཤང་དང་གྲོང་རྡལ་གྱི་མི་དམངས་སྲིད་གཞུང་དང་། སྲང་ལམ་དོན་གཅོད་ཁང་སོགས་ལ་ཡིག་ཐོག་ནས་སྙན་ཞུ་འབུལ་དགོས་པ་དང་། ཁྱིམ་ཚང་གི་ཁོངས་མི་ལ་དཀའ་ངལ་ཡོད་ན་སྡེ་མི་ཨུ་ལྷན་དང་སྡོད་དམངས་ཨུ་ལྷན་ལ་ལས་བཅོལ་གྱིས་སྙན་ཞུ་འབུལ་དུ་བཅུག་ཆོག །

གཉིས་པ།  ཤང་དང་གྲོང་རྡལ་གྱི་མི་དམངས་སྲིད་གཞུང་དང་། སྲང་ལམ་དོན་གཅོད་ཁང་གིས་སྙན་ཞུ་འབུལ་མཁན་གྱི་ཁྱིམ་ཚང་ལ་རྩད་ཞིབ་དང་།  རུ་སྡེ་ཁྱིམ་མཚེས་བར་ལ་འདྲི་གཅོད།  ཡིག་སྐུར་དཔང་ལེན།  མང་ཚོགས་ཀྱི་གླེང་བརྗོད། ཆ་འཕྲིན་ཞིབ་དཔྱད་ལ་སོགས་བྱས་ནས་ཁྱིམ་ཚང་དེ་གའི་ཡོང་འབབ་དང་རྒྱུ་ནོར་གྱི་གནས་ཚུལ་རྟོག་ཞིབ་གསལ་བོ་བྱེད་དགོས་པ་མ་ཟད་ཆ་རྐྱེན་དང་མཐུན་ན། སྙན་ཞུ་འབུལ་མཁན་ཡོད་སའི་སྡེ་བ་དང་། སྡོད་ཁུལ་དུ་སྤྱི་བསྒྲགས་བྱས་ཏེ།  རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཚན་ལ་ཕུལ་ནས་ཆོག་མཆན་འགོད་དུ་འཇུག་དགོས།

གསུམ་པ།  རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཚན་གྱིས་དཔྱད་ཞིབ་བརྒྱུད་ཆ་རྐྱེན་དང་མཐུན་པ་རྣམས་ལ་ཆོག་མཆན་གནང་རྒྱུ་མ་ཟད།  སྙན་ཞུ་འབུལ་མཁན་སྡོད་སའི་ཞིང་གྲོང་དང་སྡོད་ཁུལ་དུ་སྤྱི་བསྒྲགས་བྱ་རྒྱུ་དང་།  ཆ་རྐྱེན་དང་མི་མཐུན་པའི་སྙན་ཞུ་ལ་ཆོག་མཆན་མི་འགོད་ཅིང་། མི་འགོད་པའི་རྒྱུ་མཚན་ཡིག་ཐོག་ནས་ཇི་བཞིན་དུ་གསལ་བཤད་བྱེད་ངེས།

ལོ་ཙཱ་བ། ཁོན་ཐར་འཚོ།