གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་གླིང་ཁུལ་གྱི་དོ་དམ་ས་ཚུགས་ལ་སྐོར་ཞིབ་སྲུང་སྐྱོབ་རླངས་འཁོར་བགོས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།   གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་ས་ཚུགས་དང་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མི་སྣའི་སྐོར་ཞིབ་སྲུང་སྐྱོབ་ཀྱི་ནུས་པ་སྔར་ལས་མཐོ་རུ་གཏོང་ཆེད།  གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་སྐོར་སྲུང་འགྲིམ་འགྲུལ་ཡོ་བྱད་སྟེར་བའི་མཛད་སྒོ་བསྡུས་ཏེ།   གླིང་ཁུལ་གྱི་སྲུང་སྐྱོབ་ས་ཚུགས12ལ་སྐོར་ཞིབ་སྲུང་སྐྱོབ་རླངས་འཁོར24བཀོད་སྒྲིག་བྱས་ནས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལ་སྲུང་སྐྱོབ་བྱེད་པར་སྟབས་བདེ་བཟོས།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཅུའུ་ཀྲང་ལིས་ཞའོ་ནན་གྱིས་ངོ་སྤྲོད་བྱས་པ་ལྟར་ན།  ནམ་རྒྱུན་སྐོར་ཞིབ་སྲུང་སྐྱོབ་མི་སྣས་རང་གི་འཕྲུལ་རྟ་དང་རྟ་ཞོན་ནས་སྐོར་ཞིབ་བྱས་པ་ཡིན་ལ།  ད་ལྟ་འགྲིམ་འགྲུལ་ཡོ་བྱད་ང་ཚོར་བགོས་ཡོད་པས་སྐོར་ཞིབ་སྲུང་སྐྱོབ་ཀྱི་གྲུབ་འབྲས་ཚད་ཡང་ཇེ་མཐོར་འགྲོ་ཐུབ་ལ།    དོ་དམ་ས་ཚུགས་དང་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མི་སྣ་སོ་སོས་སྐོར་ཞིབ་ཀྱི་འགྲིམ་འགྲུལ་ཡོ་བྱད་བཀོལ་སྤྱོད་ལེགས་པོ་བྱས་ཏེ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་སྲུང་སྐྱོབ་འགན་འཁྲི་དོན་འཁྱོལ་བཟང་བོ་བྱེད་དགོས་ཟེར།

 རྗེས་མར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་ད་རུང་སྐྱེ་ཁམས་སྲུང་སྐྱོབ་དོ་དམ་མི་སྣར་འཕྲུལ་རྟ600སྟེར་རྒྱུ་ཡིན་པས་ད་སྔར་ཉོ་སྒྲུབ་བྱེད་བཞིན་པའི་སྒང་ཡིན།  དུས་མཚུངས་སུ་ད་ལོར་གཞུང་སྤྱོད་རླངས་འཁོར17སྟེར་རྒྱུའི་འཆར་གཞི་ཡོད་ལ་མིག་སྔར་རླངས་འཁོར9མར་བགོས་ཟིན། འདིས་ང་ཚོའི་སྐྱེ་ཁམས་སྐོར་ཞིབ་མི་སྣས་འགྲིམ་འགྲུལ་ཆ་རྐྱེན་ལ་སྟབས་བདེ་གང་ལེགས་བསྐྲུན་ཡོད།    གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་མགོ་ཁུངས་གླིང་ཁུལ་གྱི་ཞང་ཀྲང་བློ་བཟང་བཀྲ་ཤིས་ཀྱིས་བཤད་རྒྱུར།   སྔོན་ཆད་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མི་སྣས་རྩྭ་ཐང་སྟེང་དུ་སྐོར་ཞིབ་བྱེད་སྐབས་རྟ་ཞོན་པ་དང་རྐང་ཐང་ལ་སོང་བ་ཡིན།  དོ་དམ་སྲུང་སྐྱོབ་ཀྱི་ས་ཁོངས་ཆེ་ལ་ལམ་ཐག་རིང་བས་སྐོར་ཞིབ་བྱ་བར་སྟབས་མི་བདེ་བར་བཟོས། ད་ལྟ་སྐོར་ཞིབ་རླངས་འཁོར་ཡོད་པས་སྐོར་ཞིབ་བྱས་ན་དུས་ཚོད་དམ་འཛིན་བྱེད་ཐུབ་པ་མ་ཟད་སྐོར་ཞིབ་ཀྱི་ས་ཁོངས་ཡང་སྔོན་ཆད་དང་བསྡུར་ན་ཆེ་རུ་སོང་ཡོད།