མཚོ་སྔོན་གྱིས་ཡུལ་སྐོར་དབུལ་སྐྱོར་ལ་མ་དངུལ་སྒོར་དུང་ཕྱུར4.65བཏང་ནས་དབུལ་བོ་མི་འབོར་ཁྲི3.9ཡི་དབུལ་ཞྭ་ཕུད་པ།

པར་ནི་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་51 ཡོད་པའི་མཚོ་སྔོན་ཞིང་ཆེན་རྟ་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ཧྲོ་པེ་བོད་རིགས་ཤང་སྤེན་མ་ལུང་གྲོང་ཚོར་ཡོད་པའི་མེ་ཏོག་མཛེས་ལྗོངས་ཁུལ་གྱི་མེ་ཏོག་རྣམ་པར་བཞད་པའི་རྣམ་པ་རེད།

  ཀྲུང་གོ་གསར་འགྱུར་དྲ་བར་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཚེས་4 ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་གྲོང་གསེབ་ཀྱི་རི་ཆུའི་ཐོན་ཁུངས་དེ་ཡུལ་སྐོར་གྱི་ཐོན་ཁུངས་སུ་བསྒྱུར་བར་ཧུར་བརྩོན་བྱས། ལོ་གཅིག་རིང་མ་དངུལ་སྒོར་དུང་ཕྱུར་4.65བཏང་ནས་གྲོང་ཚོ155ལ་ཡུལ་སྐོར་དབུལ་སྐྱོར་རྣམ་གྲངས་ལག་བསྟར་བྱས་ཏེ་མེ་ཏོག་གི་ཞིང་གྲོང་དང་། ཁ་ཡངས་ཀྱི་མཛེས་ཉམས་སོགས་གྲོང་གསེབ་ཀྱི་ཡུལ་སྐོར་སྤུས་རྟགས་ཁག་ཅིག་དང་། དབུལ་བོའི་མི་འབོར་ཁྲི་3.9གི་འབབ་འཕར་དབུལ་སྒྲོལ་ལ་སྐུལ་ཁྲིད་བྱས།

མི་འབོར་583.42ལས་མེད་པའི་མཚོ་སྔོན་ཞིང་ཆེན་ནི་ཀྲུང་གོའི་དབུལ་སྐྱོར་གསར་སྤེལ་གྱི་ལས་འགན་ལྕི་ཞིང་། དཀའ་ངལ་ཆེ་བའི་ཞིང་ཆེན་ཞིག་ཡིན། དབུལ་ཕོངས་མི་འབོར་མང་ཆེ་བ་ཐན་ཁུལ་དང་འབྲོག་ཁུལ་གྱི་ས་བབ་མཐོ་ཞིང་གྲང་ངད་ཆེ་བའི་ཞིང་ཆེན་དེའི་ཤར་རྒྱུད་དུ་ཆགས་ཡོད་ཅིང་། ལྷག་པར་སྐྱེ་ཁམས་ཉམས་ཞན་དང་། གནམ་གཤིས་ཡ་ང་བ། གནོད་འཚེ་ཡང་ཡང་ཐོན་པ། འགྲིམ་འགྲུལ་མི་རྒྱུག་པ་བཅས་འཚོ་གནས་ཁོར་ཡུག་ཧ་ཅང་ཡ་ང་བའི་ཀྲུང་གོའི་ས་ཁུལ་གྲས་ཤིག་རེད།

པར་ནི་སྤེན་མ་ལུང་གྲོང་ཚོའི་མེ་ཏོག་གི་ཞིང་གྲོང་མཛེས་ལྗོངས་ཁུལ་གྱི་ཟུར་ཡིན།

མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་རྟ་ཐང་རྫོང་གི་སྤེན་མ་ལུང་གྲོང་ཚོར་ཡོད་པའི་མེ་ཏོག་གི་ཞིང་ཁམས་ཞེས་པའི་མཛེས་ལྗོངས་ཁུལ་ནི་རྫོང་དེའི་ཧྲོ་པེ་བོད་རིགས་ཤང་གིས་བཏོད་པའི་གྲོང་གསེབ་ཀྱི་ཡུལ་སྐོར་སྤུས་རྟགས་ཡིན་ལ་གྲོང་གསེབ་ཀྱི་ཡུལ་སྐོར་དབུལ་སྐྱོར་ཐོན་སྐྱེད་ར་བ་ཡང་ཡིན། དེ་ནི་ས་ཞིང་མ་རྐང་ནང་ཞུགས་ཏེ་ས་གནས་དེ་གའི་དུད་ཚང་དབུལ་པོའི་106 གི་ས་ཞིང་སྤྱི་ཆིང་ཁྲི་40 ་“ མེ་ཏོག་” འདེབས་འཛུགས་ལ་བེད་སྤྱོད་བཏང་ནས་མཛེས་ལྗོངས་ཁུལ་འཛུགས་སྐྲུན་བྱས་པ་དང་། མ་ཟད་དབུལ་བོ་དུད་ཚང་དགུའི་ཐོན་ལས་དབུལ་སྐྱོར་མ་དངུལ་ཁྲི་14.6 མ་རྐང་དུ་ཕབ་ནས་གྲོང་མི་རང་ཉིད་མཛེས་ལྗོངས་ཁུལ་གྱི་“ བདག་པོར” བསྒྱུར། 2016 ལོར་མཛེས་ལྗོངས་ཁུལ་དུ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་30 ལྷག་ཙམ་ཟིན་ཞིང་། སྒོ་འཛིན་ཡོང་འབབ་སྒོར་ཁྲི་140 ལྷག་ཙམ་དང་། ཞིང་པའི་སྤྲོ་སྐྱིད་ཁང་གི་ཡོང་འབབ་སྒོར་ཁྲི་300 ལྷག་ཙམ་ལ་སླེབས་ནས་གྲོང་ཚོ་དེའི་མི་རེའི་ལོ་རེའི་ཡོང་འབབ་དེ་སྒོར་2000 ལྷག་ཙམ་འཕར་བས། ས་གནས་དེ་གའི་དུད་ཚང་དབུལ་པོ་ཚང་མ་དབུལ་སྒྲོལ་བརྟན་པོ་བྱུང་ཡོད།

སྔོན་ཆད་ང་ཚོའི་གྲོང་ཚོ་ནི་དཀའ་གནད་ཆེ་བའི་གྲོང་ཚོ་ཞིག་ཡིན།  ད་ལྟ་མེ་ཏོག་གི་ཞིང་ཁམས་མཛེས་ལྗོངས་ཁུལ་འཛུགས་སྐྲུན་བྱས་པས། ཁྱིམ་ཚང་ཀུན་ཀྱིས་ཁང་པ་གསར་པ་རྒྱག་པ་དང་། ཉི་ནུས་བཀོལ་སྤྱོད་བྱས་ནས་འཚོ་བའི་སྤུས་ཚད་མཐོ་རུ་སོང་ཡོད ” ཞེས་སྤེན་མ་ལུང་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལི་ཕེ་ཏུང་གིས་དེ་ལྟར་བཤད།

སྤེན་མ་ལུང་གྲོང་ཚོའི་མེ་ཏོག་གི་ཞིང་ཁམས་མཛེས་ལྗོངས་ཁུལ་ལ་བརྟེན་ནས་གྲོང་ཚོའི་དབུལ་སྒྲོལ་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་མཁན་ད་དུང་ཧོར་གྲོང་རྫོང་ལུང་ཁོའུ་གྲོང་རྡལ་ཁ་ཡངས་གྲོང་ཚོ་ཡང་ཡིན།  ད་སྔ་གྲོང་ཚོ་དེས་ཞིང་དུད་སྤྲོ་སྐྱིད་ཁང་20 ལྷག་ཙམ་གསར་འཛུགས་བྱས་ཡོད་པ་མ་ཟད། མཚོ་སྔོན་གྱི་ཞིང་གྲོང་དབུལ་སྐྱོར་ཡུལ་སྐོར་གྱི་གཞུང་ལམ་ཐོག་མ་(སྤྱི་ལེ་7.8 )བསྐྲུན་ཏེ། ཁ་ཡངས་མཛེས་ལྗོངས་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་དང་། མེ་ཏོག་གི་ཡུལ་སྐོར་འཕེལ་རྒྱས་ལ་ཤུགས་ཆེན་པོ་བརྒྱབ་ནས་ས་གནས་དེ་གའི་དབུལ་ཕོངས་གྲོང་ཚོའི་“ དབུལ་བོའི་ཞྭ་མོ་” ཕུད།  ན་ནིང་ལོར་ཁ་ཡངས་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་30 ཟིན་ནས་རིམ་རྩིས་བྱས་ན་གྲོང་མིའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་8100 བྱུང་ཡོད།

  

པར་ནི་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་51 ཡོད་པའི་མཚོ་སྔོན་ཞིང་ཆེན་རྟ་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ཧྲོ་པེ་བོད་རིགས་ཤང་སྤེན་མ་ལུང་གྲོང་ཚོའི་མེ་ཏོག་གི་ཞིང་གྲོང་རེད།

མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་ཅུས་ཀྱིས། མཚོ་སྔོན་གྱི་60% ཡན་གྱི་ས་ཁུལ་ནི་གྲོང་གསེབ་ཡིན་པས་གྲོང་གསེབ་མི་ཉུང་བ་ཞིག་ལ་དམིགས་བསལ་ཁྱད་ཆོས་ལྡན་པའི་ལོ་རྒྱུས་རིག་གནས་དང་རང་བྱུང་མཛེས་ལྗོངས་ཡོད། མཚོ་སྔོན་ཞིང་ཆེན་གྱིས་སྣོད་བཅུད་རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུ་དེ་དབུལ་སྐྱོར་གྱི་གཙོ་ཁྲིད་ཐོན་ལས་ཆེ་གྲས་ལྔའི་ནང་དུ་བཞག་ཡོད།  ད་སྔ་གྲོང་གསེབ་ཡུལ་སྐོར་དེ་ཞིང་ཆེན་ཡོངས་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་“ གཡུལ་ས་གཙོ་བོ” རུ་གྱུར་བ་དང་། ཡུལ་སྐོར་དབུལ་སྐྱོར་དེ་མཚོ་སྔོན་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཐབས་ལམ་ནུས་ལྡན་ཏུ་གྱུར་ཡོད་ཟེར།

ལོ་ཙཱ་བ། ཁོན་ཐར་འཚོ།