གཙང་གསུམ་འབྱུང་ཡུལ་གྱི་ནགས་ལས་ས་ཁུལ་དུ་སྤོ་འགུལ་བརྡ་རྟགས་ཡོད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཡུལ་ཤུལ་བོད་རིགས་རང་སྐྱོང་སྤོ་འགུལ་ཀུང་ཟིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དེ་ཧུར་ཐག་གིས་ལག་ལེན་དུ་བསྟར་བ་བརྒྱུད་དབུལ་སྐྱོར་མཁྲེགས་གཏོར་ལ་རོགས་རམ་བྱས་པ་དང་། ཡུལ་ཤུལ་ཁུལ་སྲིད་གཞུང་གིས་བརྡ་འཕྲིན་ཐད་ཀྱི་གནད་འཁེལ་དབུལ་སྐྱོར་ལག་བསྟར་བྱས་པ་རེད། ཉེ་ལམ་ཡུལ་ཤུལ་ཁུལ་ཅང་ཞི་སྡེ་བ་རུ་བརྡ་འཕྲིན་ཤར་གཏོང་རྟེན་གཞི་བཙུགས་ཤིང་གདོད་མའི་ནགས་ལས་ས་ཁུལ་དུ་གནས་སྡོད་བྱེད་པའི་སྡེ་དམངས་ལ་སྤོ་འགུལ་དྲ་རྒྱ་བསྐྱལ་བས། ཡུལ་དངོས་ཀྱི་སྡེ་དམངས་རྣམས་སེམས་འགུལ་ཐེབས་པའི་ངང་བཤད་རྒྱུར། སྔོན་ཆད་ཁ་པར་གཏོང་བར་ཡང་ལེ་བར་20མཚམས་ཀྱི་ནགས་རའི་དོ་དམ་ས་ཚིགས་སུ་འགྲོ་དགོས་མོད། ད་ལྟ་ཡུལ་དུ་ཡང་བརྡ་རྟགས་ཡོད་པས་ཐག་རིང་དུ་ཡོད་པའི་རང་གི་གཉེན་ཉེ་དག་ལ་ཐུགས་བརྩེ་བའི་ངང་ནས་འབྲེལ་གཏུག་ཡང་བྱེད་ཐུབ་ཟེར།

ཅང་ཞི་སྡེ་བ་ནི་ཡུལ་ཤུལ་ཁུལ་གྱི་ནགས་ར་ཆེན་པོ་གསུམ་གྱི་ནང་གི་གཅིག་སྟེ་ཅང་ཞི་ནགས་ཁུལ་ཡིན་ལ། ཡུལ་ཤུལ་རྫོང་གི་ཆེས་ལྷོ་རྒྱུད་ཀྱི་ཞའོ་སུའུ་མང་ཤང་གི་ཁོངས་སུ་གཏོགས། ས་བབ་ནི་གཙང་གསུམ་འབྱུང་ཡུལ་གྱི་རྫ་ཆུའི་འགོ་ཁུངས་སུ་གཏོགས། 2014ལོའི་ལོ་སྟོད་ལ་ཡུལ་ཤུལ་སྤོ་འགུལ་ཀུང་ཟིས་ཅང་ཞི་ནགས་རའི་དོ་དམ་ས་ཚིགས་སུ་སྤོ་འགུལ་བརྡ་རྟགས་ཀྱི་རྟེན་གཞི་གསར་འཛུགས་བྱས་ཤིང་། དེ་ནི་མིག་སྔར་ས་ཁུལ་དེའི་བརྡ་འཕྲིན་དྲ་རྒྱ་ཉག་གཅིག་ཀྱང་ཡིན། འོན་ཀྱང་ཅང་ཞི་སྡེ་བ་དང་ནགས་རའི་དོ་དམ་ས་ཚིགས་ཀྱི་བར་སྤྱི་ལེ20ལྷག་ཡོད་པས། བརྡ་འཕྲིན་གྱི་སྐོར་སྐྱོད་རྒྱུན་ལྡན་མིན་པ་དང་འགྲིམ་འགྲུལ་སྟབས་བདེ་མིན་པ། ཆ་རྐྱེན་ལ་དཀའ་ཁག་ཆེ་བ། ཐོན་སྐྱེད་རྗེས་ལུས་ཡིན་པ་བཅས་ཀྱི་དབང་གིས་སྡེ་བའི་འཕེལ་རྒྱས་ལ་འགལ་རྐྱེན་མི་ཉུང་བ་ཞིག་བཟོས་ཡོད་པས། གནས་དེར་སྡོད་པའི་དགེ་རྒན་མེད་ལ་སློབ་མ་རྣམས་ཀྱིས་སློབ་སྦྱོང་བྱེད་མི་ཐུབ་པ། སྡེ་བ་ཕྱུག་པོར་འགྱུར་མི་ཐུབ་པ་བཅས་ཀྱི་དཀའ་ཁག་ཡོད། དེ་བཞིན་དུ་དབུལ་སྐྱོར་མཁྲེགས་གཏོར་དེ་ཆེས་གནད་འགག་གི་དུས་སྐབས་སུ་ཞུགས་པ་དང་བསྟུན་ནས་ཡུལ་ཤུལ་སྤོ་འགུལ་དང་ཡུལ་ཤུལ་ཁུལ་སྲིད་གཞུང་གཉིས་ཀྱིས་ཐུན་མོང་སྒོས་སྲིད་གཞུང་དང་ཁེ་ལས་ཐད་ཀྱི་གནད་འཁེལ་དབུལ་སྐྱོར་གྱི་རྣམ་པ་གསར་བ་སྤྱད་དེ། ཡུལ་ཤུལ་རྫོང་ཞའོ་སུའུ་ཤང་ཅང་ཞི་སྡེ་བ་རུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དྲིལ་སྒྲོག་བྱས་ཤིང་། དབུལ་ཕོངས་མང་ཚོགས་ལ་རོགས་རམ་བྱས་ཏེ་དབུལ་ཐར་བསམ་བློ་གཙང་སེལ་བྱས་ཤིང་བརྡ་འཕྲིན་གྱི་དབུལ་སྐྱོར་སྤེལ་བ་རེད།

2017ལོར་ཡུལ་ཤུལ་སྤོ་འགུལ་གྱིས་སྤྱི་ཚོགས་ཀྱི་འགན་འཁྲིའི་ལག་ལེན་དངོས་ལ་ཧུར་ཐག་གིས་བརྩོན་པ་བྱས་པ་བརྒྱུད་ལས་རིགས་དབུལ་སྐྱོར་བྱ་བའི་གནད་འཁེལ་སྟོབས་ཤུགས་འདོན་སྤེལ་བྱས་ནས་གཙང་གསུམ་འབྱུང་ཡུལ་དུ་དྲ་རྒྱ་འཛུགས་བསྐྲུན་གྱི་མ་དངུལ་གཏོང་ཚད་ཆེས་ཆེར་བཏང་ཤིང་ཡུལ་ཤུལ་ཁུལ་གྱི་ཞིང་སྡེ་རུ་ལམ་ཐག་རིང་བ་དང་བརྡ་འཕྲིན་བཀག་གཉེར་གྱི་དབང་གིས་དཔལ་འབྱོར་འཕེལ་རྒྱས་ཀྱི་འགྲོས་དལ་བའི་དཀའ་ཁག་སོགས་ཐག་གཅོད་བྱས་པ་རེད། མིག་སྔའི་བར་ཁུལ་ཡོངས་ཀྱི་ཞིང་སྡེ་རུ་བརྡ་འཕྲིན་རྟེན་གཞི་15ལྷག་གསར་འཛུགས་བྱས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།