མཚོ་ལྷོ་ཁུལ་གྱིས་གཞི་གྲངས་ཆེན་མོའི་ཐོན་ལས་ར་བའི་རྣམ་གྲངས་ལས་འགོ་བརྩམས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་ལམ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་གཞི་གྲངས་ཆེན་མོའི་ཐོན་ལས་ར་བའི་རྣམ་གྲངས་ལས་འགོ་བརྩམས་པ་རེད། ཀྲུང་གུང་མཚོ་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁའེ་དང་ཀྲུང་གུང་མཚོ་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་བསོད་ནམས་དོན་འགྲུབ། མཚོ་སྔོན་སྤྲིན་དཀར་གཞི་གྲངས་ཆེན་མོའི་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་ཟིའམ་ཧྭ་ཝེ་མཚོ་ལྷོ་ཁུལ་གྱི་གཞི་གྲངས་ལྟེ་གནས་ཀྱི་རྟེན་གཞིའི་འགན་ཁུར་མི་སྣ་བཅས་འབྲེལ་ཡོད་མི་སྣ་ཟབ་ཞུགས་བྱས་ཡོད།

བསོད་ནམས་དོན་འགྲུབ་ཀྱིས་ཤིས་ཚིག་ཁྲོད་བསྟན་དོན། གསར་གཏོད་ཀྱི་སྒུལ་ཤུགས་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ་གཞི་གྲངས་ཆེན་མོའི་འཛུགས་བསྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། གཞི་གྲངས་ཆེན་མོའི་བཀོལ་སྤྱོད་གཏིང་ཟབ་དུ་བཏང་ནས་གཏན་འཇགས་ཀྱིས་འཕར་སྣོན་ཡོང་བ་དང་བཅོས་སྒྱུར་ལ་སྐུལ་འདེད་བྱེད་པ། སྒྲིག་གཞི་སྙོམས་སྒྲིག་བྱེད་པ། དམངས་ཕན་དམངས་འཚོ། དེ་མིན་སྲིད་གཞུང་གི་བཅོས་སྐྱོང་ནུས་ཤུགས་དེང་རབས་ཅན་ལ་ཕྱོགས་པའི་ནང་གི་དགོས་མཁོ་དང་གདམ་གསེས་གལ་ཆེན་ཞིག་ཡིན། ནང་སྒོས་སུ་ད་ལོ་ནས་བཟུང་མཚོ་ལྷོ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་སྔ་གཞུག་ཏུ་རུ་དཔུང་གི་སྣེ་ཁྲིད་དེ་ཀོས་ཀྲུའུ་དང་ཅང་སུའུ། ཨན་ཧའེ་སོགས་རྒྱལ་ནང་གི་གཞི་གྲངས་ཆེན་མོའི་འཕེལ་རྒྱས་སྔོན་ཐོན་ས་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་བྱེད་དུ་འགྲོ་རུ་བཅུག་བ་མ་ཟད། ཐེངས་མང་པོར་ཧྲིན་ཀྲིན་ཧྭ་ཝེ་ཀུང་ཟི་ལ་མཉམ་འབྲེལ་གྱིས་གསར་སྤེལ་འཛུགས་བསྐྲུན་ཐད་ཚོང་གཏམ་གྲོས་སྡུར་གང་མང་གནང་ནས་གཞི་གྲངས་ཆེན་མོའི་ཐོན་ལས་ར་བ་དངོས་སུ་འཛུགས་བསྐྲུན་བྱེད་པར་དོན་དངོས་ཀྱི་བྱ་བའི་ནུས་ཆོད་འབོར་ཆེན་བསྐྲུན། མཚོ་ལྷོ་ཁུལ་གྱི་གཞི་གྲངས་ཆེན་མོའི་ཐོན་ལས་ར་བ་དངོས་སུ་འཛུགས་བསྐྲུན་བྱེད་འགོ་བརྩམས་པ་དེས་ས་གནས་ཀྱི་འཐབ་ཇུས་རང་བཞིན་གྱི་ཐོན་ལས་དར་རྒྱས་ལ་ཤུགས་སྣོན་བྱས་པ་དང་དཔལ་འབྱོར་སྒྲིག་གཞིའི་སྙོམས་སྒྲིག་ལ་ཤུགས་བསྣན་པ། ཐོན་ལས་རིམ་འཕར་གྱི་ཐོལ་བརྒལ་རང་བཞིན་ལ་སྐུལ་འདེད་བྱས་པ་བཅས་ཀྱིས་མཚོ་ལྷོ་ཁུལ་གྱི་མ་འོངས་བའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཐད་ཤུགས་རྐྱེན་ཟབ་མོ་ཐེབས་སྲིད་ཟེར།

མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་ཧྲི་ཅིན་ཡའེ་ཡིས་ངོ་སྤྲོད་བྱེད་རྒྱུར། མཚོ་ལྷོ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་མཚོ་སྔོན་བཅོས་སྐྱོང་སྲིད་ཇུས་ཀྱི་བསམ་བློ་གསར་བ་དང་འདུ་ཤེས་གསར་བ། འཐབ་ཇུས་གསར་བ་བཅས་ལག་ལེན་མཐའ་འཁྱོལ་བྱས་ཤིང་། ཧྭ་ཝེ་ཚོང་ཚོགས་དང་མཉམ་འབྲེལ་གྱིས་མཚོ་ལྷོ་ཁུལ་གྱི་གཞི་གྲངས་ཆེན་མོའི་ཐོན་ལས་ར་བ་གསར་སྤེལ་འཛུགས་བསྐྲུན་བྱས་ཡོད། ཐོན་ལས་ར་བ་འདིར་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར20ལྷག་བཏང་ཡོད་ལ། རྒྱ་ཁྱོན་གྱི་ཟིན་ཚད་ནི་མུའུ1200ཡིན། དེའི་ཁོངས་སུ་ལྟེ་བ་གཅིག་དང་ས་ཁུལ་བཞི་ཡོད། ལྟེ་བ་གཅིག་ནི་གཞི་གྲངས་ཆེན་མོའི་སྲོག་ཤིང་གི་ཐོན་ལས་ས་ཁུལ་ཡིན་ལ། དེ་རུ་གཞི་གྲངས་ཆེན་མོའི་ཞབས་ཞུ་དང་གསོག་འཇོག་ཁུལ། གཞི་གྲངས་ཆེན་མོའི་བེད་སྤྱོད་དང་འགྲེམས་སྟོན་ཁུལ། རིག་ནུས་གྲོང་ཁྱེར་གྱི་བེད་སྤྱོད་དང་ཞབས་ཞུའི་ས་ཁུལ་བཅས་ཡིན། ས་ཁུལ་བཞི་ནི་གཞི་གྲངས་ཆེན་མོའི་ཐོན་ལས་ཀྱི་གསར་གཏོད་ས་ཁུལ་དང་གཞི་གྲངས་ཆེན་མོའི་ཉོ་འཚོང་ས་ཁུལ། མཐོ་རིམ་ལས་རིགས་སློབ་གསོའི་ས་ཁུལ། སྣ་འཛོམས་ཞབས་ཞུའི་ས་ཁུལ་བཅས་ཡིན། ཐོན་ལས་ར་བ་དེ་མི་འགྱངས་བར་དུས་རིམ་མི་འདྲ་བ་གསུམ་དུ་བགོས་ནས་འཛུགས་བསྐྲུན་བྱེད་རྒྱུ་ཡིན་ཞིང་། སྔོན་དཔག་ཚོད་རྩིས་ལྟར་ན་འབྲེལ་ཡོད་ཁེ་ལས་བ100ལྷག་གི་ཐོན་ལས་མ་དངུལ་སྒོར་དུང་ཕྱུར80བསྡུ་རུབ་བྱེད་རྒྱུ་ཟེར།

གསར་འགོད་པས་བཅའ་འདྲིའི་ཁྲོད་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་ལྷོ་ཁུལ་གྱི་གཞི་གྲངས་ཆེན་མོའི་ཐོན་ལས་ར་བས་རིག་ནུས་ཀྱི་སྲིད་དོན་འཕེལ་རྒྱས་གཙོ་བོར་བཟུང་སྟེ་རིག་ནུས་ནུས་ཁུངས་དང་རིག་ནུས་ཡུལ་སྐོར་སོགས་བེད་སྤྱོད་བྱས་ཏེ་ཐོན་ལས་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་ལ། གློག་ཀླད་དང་རིག་ནུས་གསར་བཟོ། གཞི་གྲངས་ཆེན་མོའི་ཉོ་འཚོང་བརྗེ་རེས། རིག་ནུས་གྲོང་ཁྱེར། བོད་སྐད་ཀྱི་གྲངས་རིག་པར་བསྐྲུན། གློག་རྡུལ་ཚོང་དོན། རིག་གནས་གསར་གཏོད་སོགས་གཞི་གྲངས་ཆེན་མོ་དང་འབྲེལ་ཡོད་ཐོན་ལས་ནང་འདྲེན་གྱིས་རྒྱལ་ཡོངས་ཀྱི་ཆེས་ཐོག་མའི་ལྷད་མེད་ནུས་ཁུངས་འཛུགས་བསྐྲུན་དང་གཞི་གྲངས་ཆེན་མོའི་ཐོན་ལས་འཕེལ་རྒྱས་ཀྱི་དཔེར་མཚོན་རྟེན་གཞི་འཛུགས་རྒྱུ་ཡིན་ལ། འཕེལ་རྒྱས་དེས་རྒྱལ་ཡོངས་ཀྱི་རིག་ནུས་ནུས་ཁུངས་ལྟེ་གནས་ལ་ཞབས་ཞུ་བྱེད་པ་དང་ནུབ་རྒྱུད་ཀྱི་བརྡ་འཕྲིན་གཞི་གྲངས་ལྟེ་གནས། རྒྱལ་ཡོངས་ཀྱི་འཐབ་ཇུས་གྲ་སྒྲིག་ལྟེ་གནས། མཚོ་སྔོན་ཞིང་ཆེན་གྱི་རིག་ནུས་གྲོང་ཁྱེར་གྱི་དཔེར་མཚོན་ལྟེ་གནས་དང་གཞི་གྲངས་ཆེན་མོའི་བེད་སྤྱོད་གསར་གཏོད་ལྟེ་གནས་བཅས་གསར་འཛུགས་བྱེད་རྒྱུ་ཡིན་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།