2018ལོའི་མཚོ་སྔོན་ཞིང་ཆེན་དམངས་ཚིས་རྣམ་གྲངས་ལས་གཞི་འཚོལ་བསྡུ་སྐོར་གྱི་སྤྱི་བསྒྲགས།

ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་དམངས་ཚིས་འགན་སྲུང་ཇེ་ལེགས་གཏོང་བ། དམངས་ཚིས་ལས་གཞི་ཁག་དམངས་སེམས་དང་མཐུན་ཞིང་མང་ཚོགས་ལ་ཕན་པར་འགན་ལེན་བཅས་བྱེད་ཆེད་དུ། སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་༢༠༡༨ལོར་ལག་བསྟར་བྱ་བའི་དམངས་ཚིས་རྣམ་གྲངས་ཁག་ཐོག་མར་འཚོལ་སྡུད་བྱ་རྒྱུ་ཡིན་པས། རྒྱ་ཆེའི་མི་དམངས་མང་ཚོགས་ནང་ཞུགས་ཀྱིས་རང་ཉིད་ཀྱིས་དོ་ཁུར་དང་རེ་བ་བྱེད་པའི་དམངས་ཚིས་རྣམ་གྲངས་སྐོར་ནས་བསམ་འཆར་དང་ཇུས་འདོན་བྱེད་རྒྱུ་ཧ་ཅང་གལ་ཆེ།  གཤམ་ནས་རྣམ་གྲངས་དང་འབྲེལ་བའི་སྤྱི་བསྒྲགས་ནང་དོན་བཀོད་པ་འདི་ལྟར།

གཅིག  འཚོལ་བསྡུའི་ནང་དོན་དང་རེ་བ།

དམངས་ཚིས་ཁྱབ་ཁོངས་སུ་རྒྱལ་ཁབ་ཀྱི་བཅོས་སྒྱུར་དང་། མཚོ་སྔོན་ཞིང་ཆེན་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ཀྱི་རྩ་གནད་དང་མཚོ་སྔོན་གྱི་དངོས་ཡོད་གནས་ཚུལ་བཅས་ལ་སྦྱར་ནས་མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་ས་དང་། དྲང་ཐད་དང་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་ནས་མགོ་བརྩམས་ཏེ། བྱིས་པར་གསོ་སྐྱོང་ཡོད་པ།  བསླབ་པར་ཁྲིད་མཁན་ཡོད་པ། རྩོལ་བར་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཡོད་པ། རྒས་དུས་འཚོ་རྟེན་ཡོད་པ།  སྡོད་སའི་ཁང་པ་ཡོད་པ། ཉམས་ཆུང་རོགས་སྐྱོར་ཡོད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅས་ཕྱོགས་བརྒྱད་ནས་དམངས་འཚོའི་རྣམ་གྲངས་གཅིག་གམ་མང་པོ་བཏོན་ཆོག

གཉིས།  ཡར་སྤྲོད་བྱའི་དམངས་ཚིས་རྣམ་གྲངས་ནི་ཁྱབ་རྒྱ་ཆེ་བའི་མཚོན་བྱེད་རང་བཞིན་དང་མངོན་གསལ་དོད་པའི་སྤྱི་ཚོགས་ཀྱི་ཕན་འབྲས་ལྡན་དགོས་ལ།  རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་མཐོང་ཐོས་མྱོང་གསུམ་ལ་བརྒྱུད་ཐུབ་པའི་བདེ་སྐྱིད་ཀྱི་ཚོར་སྣང་དང་ཐོབ་ཚོར་དྲག་པོ་ལྡན་པ་ཡིན་དགོས།

གསུམ། ཡར་སྤྲོད་ཀྱི་དམངས་ཚིས་རྣམ་གྲངས་རེ་རེར་རྣམ་གྲངས་ཀྱི་མིང་དང་། ལག་བསྟར་ནང་དོན། མཇུག་འགྲིལ་བའི་དུས་ཚོད་སོགས་གསལ་བོར་འབྲི་དགོས་པ་དང་། རྣམ་གྲངས་ཀྱི་མིང་དེ་ངེས་པར་དུ་ཁ་གསལ་གོ་བདེ་ལ་སྙན་ཆ་དང་ལྡན་དགོས། རྣམ་གྲངས་ཀྱི་ནང་དོན་གོ་སླ་ཞིང་གནད་འདུས་ཤིག་འབྲི་དགོས་པ་མ་ཟད། ལག་བསྟར་གྱི་ཆ་རྐྱེན་ངེས་ཅན་ལྡན་དགོས་ལ་ལོ་དེའི་ནང་འགྲུབ་ཐུབ་པའི་ཁག་ཐེག་ཡོད་དགོས།

འཚོལ་བསྡུའི་དུས་ཚོད་ནི་གསལ་བརྡ་འདི་བཏང་བའི་ཉིན་ནས་༢༠༡༧ལོའི་ཟླ༡༢པའི་ཚེས༡༥ཉིན་བར་ཡིན་ལ།  གློག་རྡུལ་ཡིག་ཟམ་དང་འཕྲིན་ཡིག་གི་རྣམ་པས་ཡར་སྤྲད་ཆོག   འཕྲིན་ཡིག་བསྐུར་ན་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གི་སྤྱི་ཚོགས་འགན་སྲུང་ཁྲུའུ་ཡི་སྒོ་རྟགས601སྟེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་རྨ་ཆུ་ལམ་ཨང་རྟགས༣༠བ་ལ་བསྐུར་རོགས་དང་སྦྲག་སྲིད་ཨང་གྲངས810001ཡིན།  དྲ་ཐོག་ནས་ཡིག་ཟམ་qhmsgc@sina.comལ་བསྐུར་རོགས།

ལོ་ཙཱ་བ། ཁོན་ཐར་འཚོ།