ཞིང་ཆེན་ལམ་རྒྱུག་མཐུན་ཚོགས་མི་འགྱངས་པར་གཟུག་རྒྱུ་ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ལམ་རྒྱུག་ལས་འགུལ་དེ་འཚོ་བ་རོལ་སྟངས་ཞིག་ཏུ་གྱུར་ཡོད །ཟླ12པའི་ཚེས6ཉིན། གསར་འགོད་པས་ཞིང་ཆེན་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་ལས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ལམ་རྒྱུག་མཐུན་ཚོགས་མི་འགྱངས་པར་གཟུག་རྒྱུ་དང་།མཐུན་ཚོགས་ཀྱིས་རང་ཞིང་གི་ལམ་རྒྱུག་འགྲན་བསྡུར་བྱེད་སྒོ་གཏིང་ཟབ་སྤེལ་བར་སྐུལ་འདེད་བཏང་ནས་རྒྱ་ཆེ་བའི་ལམ་རྒྱུག་ལས་འགུལ་ལ་དགའ་མཁན་ཚོར་བདེ་ཐང་དང་སྤྲོ་བ་ཞིག་བསྐྱེད་དུ་འཇུག་རྒྱུ་རེད།

ཉེ་བའི་ལོ་རིང་ལ་ལམ་རྒྱུག་ལས་འགུལ་དེ་རྒྱལ་ཡོངས་ནས་དར་ཁྱབ་ཆེ་བ།རང་ཞིང་གི་ལམ་རྒྱུག་འགྲན་བསྡུར་སྣ་ཚོགས་དེ་བས་རྫོགས་རྒྱུ་མེད་པར་ཐོན་ཡོད་པ་དང་། རང་འགུལ་ངང་སྒྲིག་འཛུགས་བྱས་པའི་ལམ་རྒྱུག་སྤྲོ་སྐྱིད་ཁང་སྣ་ཚོགས་ཀྱང་ཆར་རྗེས་མྱུ་གུ་བཞིན་ཐོན་པ་དང་། ལམ་རྒྱུག་དེ་དེང་རབས་ཀྱི་མིའི་འཚོ་བ་རོལ་སྟངས་གལ་ཆེན་ཞིག་ཏུ་གྱུར་ཡོད།ལྷག་པར་དུ་ཞིང་ཆེན་ལུས་རྩལ་ཅུའུ་དང་།ཞིང་ཆེན་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས། ནུབ་མཚོ་གྲོང་ཁྱེར་ཚགས་པར་སོགས་ལས་ཁུངས་ཀྱིས་གཙོ་གཉེར་བྱས་པའི་མཚོ་སྐོར་འགྲན་བསྡུར་ཚོན་རྒྱུག་དང་། ནུབ་མཚོ་གྲོང་ཁྱེར་ཚགས་པར་ཚོན་རྒྱུག་སོགས་ཀྱི་བྱེད་སྒོ་འདི་དག་ལ་ལམ་རྒྱུག་ལས་འགུལ་དགའ་ཞེན་ཆེ་མཁན་མང་པོས་དགའ་བསུ་ཐོབ་པས།ཞིང་ཆེན་ཡོངས་ཀྱི་མང་ཚོགས་ཀྱིས་ལུས་ཕུང་སྦྱོང་བརྡར་བྱས་པའི་ཧུར་བརྩོན་རང་བཞིན་ཇེ་མཐོར་སོང་ཡོད་པ་རེད།

ཞིང་ཆེན་ལམ་རྒྱུག་ལས་འགུལ་མཐུན་ཚོགས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་འགན་ཁུར་པས་མཐུན་ཚོགས་བཙུགས་རྗེས་རང་ཞིང་གི་ལམ་རྒྱུག་ལས་འགུལ་གྱི་འཕེལ་རྒྱས་སྔར་ལས་ཚད་ལྡན་དང་།ལས་རིགས་ཀྱི་ཚད་གཞི་དང་བྱེད་སྒོའི་ཞིབ་སྲོལ་ རབ་དང་རིམ་པ་དང་། ལམ་རྒྱུག་འགྲན་བསྡུར་གྱི་དོ་དམ་བྱེད་ཐབས། ལམ་རྒྱུག་ཆེད་ལས་མི་སྣ་གསོ་སྦྱོང་དོ་དམ་དང་འགྲན་བསྡུར་རྩ་འཛུགས་ཀྱི་ཚད་གཞི་སོགས་ཀྱི་གཏན་འབེབས་བརྒྱུད་དེ། རང་ཞིང་གིས་ལམ་རྒྱུག་ལས་འགུལ་ཆེད་ལས་ཅན་གྱི་ཕྱོགས་སུ་སྐྱོད་ནས་ལམ་རྒྱུག་ལས་འགུལ་ལ་དགའ་ཞེན་ཆེ་མཁན་ཚང་མར་ཕན་བདེ་བསྐྲུན་ཏེ།ལམ་རྒྱུག་དགའ་ཞེན་ཆེ་མཁན་ཚོར་ཚན་རིག་དང་མཐུན་པའི་སྒོས་ལས་འགུལ་བྱ་རྒྱུ་དང་བདེ་ཐང་ངང་འཚོ་བ་རོལ་རྒྱུར་ཁྲིད་སྟོན་བྱ་དགོས།

དུས་མཚུངས་སུ་ཞིང་ཆེན་ལམ་རྒྱུག་ལས་འགུལ་མཐུན་ཚོགས་ཀྱིས་མུ་མཐུད་དུ་ཚོན་རྒྱུག་བྱེད་སྒོར་རྒྱུན་མཐུད་དང་རྒྱ་ཁྱབ་ངང་སྤེལ་བར་སྐུལ་སྤེལ་གཏོང་རྒྱུ་དང་། འགྲན་བསྡུར་གྱི་ཆུ་ཚད་དང་ཤུགས་རྐྱེན་ཇེ་མཐོར་བཏང་སྟེ། གང་ཐུབ་ཀྱིས་ཚོན་རྒྱུག་འགྲན་བསྡུར་དེ་མང་ཚོགས་ཉེ་འགྲམ་གྱི་སྤུས་དག་གི་འགྲན་བསྡུར་བྱེད་སྒོ་ཞིག་གྱུར་དུ་བཅུག་ནས་རང་ཞིང་གི་མང་ཚོགས་ཡོངས་ཀྱི་ལུས་ཕུང་སྦྱོང་བརྡར་གྱི་བྱ་གཞག་ལ་འཕེལ་རྒྱས་གཏོང་ཐད་བྱས་རྗེས་འཇོག་རྒྱུ་རེད།

ལོ་ཙཱ་བ། གཡང་སྐྱིད།