《དག་ཡིག་གསར་བསྒྲིགས》རྩོམ་སྒྲིག་མཛད་མཁན་ཤེ་བཞིན་བསམ་གཏན་རྒྱ་མཚ

《དག་ཡིག་གསར་བསྒྲིགས》རྩོམ་སྒྲིག་མཛད་མཁན་ཤེ་བཞིན་བསམ་གཏན་རྒྱ་མཚོ།

ལས་གྲོགས་དང་ལྷན་དུ་བགྲོ་གླེང་གནང་བ།

ཁྱིམ་མི་དང་ལྷན་དུ།

《དག་ཡིག་གསར་བསྒྲིགས》རྩོམ་སྒྲིག་མཛད་མཁན་ཤེ་བཞིན་བསམ་གཏན་རྒྱ་མཚོ་ལགས་ནི་སྤྱི་ལོ1921ལོར་བོད་ཨ་མདོ་མཚོ་སྔོན་དཔའ་ལུང་རྫོང་བཱ་ཡན་མཚེའུ་མགུར་ཞེས་པའི་ཡུལ་དུ་སྐུ་འཁྲུངས། དགུང་ལོ10བར་མདོ་སྨད་དྷཱིཿཚ་དགོན་པར་རབ་ཏུ་བྱུང་སྟེ་དགོན་དེའི་ཆོས་སྒོར་ཞུགས། དེ་ནས་རིམ་བཞིན་ཡི་གེ་སྦྱོར་ཀློག་དང་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ལ་སྦྱངས་བརྩོན་རྒྱ་ཆེར་མཛད། ཁྱད་པར་དུ་གཞུང་ཆེན་བཀའ་པོད་ལྔ་སོགས་ལ་གསན་སྦྱངས་ཡུན་རིང་མཛད་ཅིང་དགུང་ལོ30བར་དྷཱིཿཚ་དགོན་པའི་དགེ་བཤེས་ཀྱི་མཚན་བཏགས་ལེགས་པར་བཞེས།  

སྤྱི་ལོ1953ལོར་མཚོ་སྔོན་ཞིང་ཆེན་སློབ་གསོ་སྡེ་ཁག་གིས་གདན་ཞུས་ལྟར་ཕེབས་ཏེ་ལས་ཁུངས་དེར་ཕྱག་ལས་གནང་། སྤྱི་ལོ1957ལོར་མཚོ་སྔོན་ཞིང་ཆེན་སློབ་གསོ་སྡེ་ཁག་མི་རིགས་སློབ་གསོ་སྡེ་ཁག་གི་འགོ་གཙོ་གཞོན་པའི་འགན་བཞེས།  

སྤྱི་ལོ1962ལོར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་ལས་གནས་སྤར་ནས་འགོ་གཙོ་གཞོན་པའི་འགན་བཞེས་ཤིང་། བོད་ཡིག་རྩོམ་སྒྱུར་ཁང་གི་གཙོ་བདག་གི་འགན་ཡང་ཁུར།

སྤྱི་ལོ1973ལོ་ནས་བཟུང་སྟེ《དག་ཡིག་གསར་བསྒྲིགས》རྩོམ་སྒྲིག་གི་མགོ་བརྩམས་ཏེ་ལོ་ངོ6རིང་ལ་འབད་བརྩོན་ནན་ཏན་བྱས་མཐར་སྤྱི་ལོ1979ལོའི་ལོ་སྟོད་དུ་དཔར་དུ་བསྐྲུན།

གཞན་ད་དུང་ཁོང་གིས་མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་སློབ་དེབ་སྐོར་ཐེངས་དང་པོ་རྩོམ་སྒྲིག་ལོ་ཙཱ་གནང་པ་དང་། 《ཝང་རའོ་ཧྥེ་བཙོན་ཁང་དུ་ཡོད་པ》ཞེས་པ་བོད་དུ་བསྒྱུར། 《མི་རོ་རྩེ་སྒྲུང》འཚོལ་སྡུད་ལེགས་སྒྲིག་གནང་བ་དང་། 《མའོ་ཙེ་ཏུང་གི་གསུང་བཏུས》ཆེན་མོ་པར་སྐྲུན་གྱི་ཞུས་ཆེན་པ་མཛད་པ་སོགས་བོད་ཀྱི་རིག་གནས་ཉག་ཕྲ་བའི་སྐབས་སུ་བོད་ཀྱི་སྐད་ཡིག་སློབ་གསོ་འཕེལ་རྒྱས་ཀྱི་ཕྱོགས་ལ་བྱས་རྗེས་བླ་ན་མེད་པ་བཞག་ཡོད། དགོང་ལོ59བཞེས་པ་སྤྱི་ལོ1979ལོའི་ལོ་སྨད་དུ་སྐུ་གཤེགས།

ད་ལྟ《དག་ཡིག་གསར་བསྒྲིགས》ཀྱི་པར་གྲངས་འབུམ་བདུན་ལས་བརྒལ་ཞིང་། བོད་དུ་ཚོང་རྒྱུགས་ཆེ་བའི་དཔེ་དེབ་ཨང་དང་པོ་རུ་གྱུར་ཡོད།