མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་པ་དང་མཱ་ཅི་ཞའོ་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞིར་བདམས།

ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་མཱ་ཅི་ཞའོ་མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས། ལིས་ཀྲུང་དང་ཝུའུ་ཡུག་ཀྲིན། ཧན་ཧྲིན་ཧྭ། ཝུའུ་ཅན་ཅོན་བཅས་ཀྲུའུ་ཞི་གཞོན་པར་བདམས། ལིག་ཧྲུའུ་ཅེ་ལས་འཁུར་ཀྲུའུ་ཞིར་བསྐོས། ཧྥན་ཀོང་ཆིན་དང་ཨན་ཡུང་མེན་གཉིས་ཞོར་འགན་འཁུར་བའི་ཀྲུའུ་ཞི་གཞོན་པར་བདམས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས་ཏེ་གཏམ་བཤད། ཁོས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་བཟོ་ཚོགས་ཡོངས་ཀྱི་ཡང་དག་པའི་འགོ་ཁྲིད་དང་ཐུགས་ཁུར་རྒྱབ་སྐྱོར་འོག་དང་། འཐུས་མི་ཡོངས་ཀྱི་ཐུན་མོང་འབད་བརྩོན་ལ་བརྟེན་ནས། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་གྲོས་རིམ་ཁག་སོ་སོ་ཡོངས་འགྲུབ་བྱས། ཚོགས་ཆེན་བསྡུས་པ་གཟབ་རྒྱས་ཆེ་ཞིང་མཐུན་སྒྲིལ་དམངས་གཙོ་ལྡན་པར་མ་ཟད། ཕན་འབྲས་ངེས་ཅན་ལྡན། ཞིང་ཆེན་ཏང་ཨུས་བཟོ་ཚོགས་ལ་རེ་བ་ཆེན་པོ་བཅངས་ཡོད་ཅིང་། ལས་བཟོ་བས་བཟོ་ཚོགས་ལ་རེ་ལྟོས་ཆེན་པོ་བྱས་ཡོད་པས། བཟོ་ཚོགས་རྩ་འཛུགས་ཀྱི་འགན་འཁྲི་ལྕི་ཞིང་འོས་འགན་གཟི་བརྗིད་དང་ལྡན ཞིང་ཆེན་བཟོ་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་འཐུས་མི་ཞིག་ཡིན་པའི་ཆ་ནས། ངེས་པར་དུ་ཐོག་མའི་ཆོད་སེམས་མི་བརྗེད་པར་བྱེད་པ་དང་འགན་འཁྲི་སེམས་ལ་བརྟན་པོར་བཅངས་པ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་དགོས་པར་མ་ཟད། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློར་སློབ་སྦྱོང་མཐར་ཕྱིན་བྱེད་དགོས། ལངས་ཕྱོགས་གསལ་བོ་འཛིན་པ་དང་བགྲོད་ལམ་ཇེ་བརྟན་དུ་བཏང་ནས། ཐོག་མཐའ་བར་གསུམ་ཀུན་ཏུ་བསམ་བློ་དང་ཆབ་སྲིད། ལག་ལེན་བཅས་ཀྱི་སྟེང་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ཏེ། ཁྱོན་ཡོངས་ནས་མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་དང་བཟོ་ཚོགས་སྤྱིའི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་དོན་འཁྱོལ་བྱེད་དགོས། བཟོ་ཚོགས་བྱ་བའི་ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་རྒྱུན་འཁྱོངས་དང་སྔར་ལས་ཇེ་དྲག་ཏུ་བཏང་ནས། ཏང་གི་འགོ་ཁྲིད་ཀྱིས་བཟོ་ཚོགས་རྩ་འཛུགས་ལ་བརྟེན་ནས་ལས་བཟོ་བ་དང་མང་ཚོགས་ཀྱི་ཁྲོད་དུ་ཚོགས་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་དགོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཡང་དག་པའི་འགོ་ཁྲིད་འོག་ཏུ། དངོས་གཉེར་བདེན་འཚོལ་དང་གསར་སྤེལ་གསར་གཏོད། དཀའ་སྤྱད་འབད་འཐབ། མུ་མཐུད་མདུན་དུ་སྐྱོད་པ་བཅས་ལ་བརྟེན་ནས། སྔར་ལས་ལྷག་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བཟོ་བ་ཚང་མ་མཐུན་སྒྲིལ་ཡོང་བར་སྐུལ་སློང་བྱས་ཏེ། དུས་མཉམ་གཅིག་དང་སྔར་ལས་ལྷག་པ་བཞིའི་དམིགས་འབེན་རླབས་ཆེན་མངོན་དུ་འགྱུར་བར་འབད་འབུངས་ཧུར་སྐྱེད་བྱེད་དགོས་ཟེར།

ཚོགས་ཆེན་མཇུག་སྒྲིལ་རྗེས། མཱ་ཅི་ཞའོ་དང་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་རབས་གསར་བའི་འགོ་ཁྲིད་ཚན་ཁག་གི་ཁོངས་མིས་ཏང་ཞུགས་མནའ་ཚིག་བསྐྱར་སྒྲོག་བྱས་པར་མ་ཟད་ཐུན་མོང་ཁ་བརྡ་བྱས།