ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱིམ་ཚང་སློབ་གསོའི་མཛུབ་སྟོན་ཞབས་ཞུ་དཔུང་སྡེ་ཇེ་ལེགས་ཇེ་རྒྱས་སུ་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཞིང་ཆེན་ཡོངས་ཀྱི་ཁྱིམ་ཚང་སློབ་གསོའི་ལོ་ལྔའི་འཆར་འགོད་ཏུ་ལག་བསྟར་གཏིང་ཟབ་དང་། ཁྱིམ་ཚང་སློབ་གསོའི་ལས་དོན་གསར་གཏོད་དང་འཕེལ་རྒྱལ་ལ་སྔར་ལས་སྐུལ་འདེད་གཏང་ཆེད།ཟླ12པའི་ཚེས6ཉིན། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྔར་ཡོད་ཁྱིམ་ཚང་སློབ་གསོའི་འཆད་ཁྲིད་ཚོགས་པའི་རྨང་གཞི་སྟེང་། མཚོ་སྔོན་ཞིང་ཆེན་ཁྱིམ་ཚང་སློབ་གསོའི་འཆད་ཁྲིད་ཚོགས་པ་དེ་ཇེ་ལེགས་ཇེ་རྒྱས་སུ་བཏང་དང་། བྱིས་པའི་སློབ་གསོ་དང་། གཉེན་སྒྲིག་ཁྱིམ་ཚང་། སེམས་ཁམས་འདྲི་རྟོགས། འཕྲོད་བསྟེན་བདེ་སྲུང་། བྱིས་པའི་འཚོ་བཅུད་སོགས་ཕྱོགས་ནས་ཆེད་ལས་རིག་གཞུང་གི་ཤེས་བྱ་དང་ཕུན་སུམ་ཚོགས་པའི་ལག་བསྟར་གྱི་ཉམས་མྱོང་བསྡུ་ལེན་བྱས་པའི་ཁོངས་མི85འཆད་ཁྲིད་ཚོགས་པ་ཁྲོད་ཞུགས་ཏེ། ཆེད་ལས་ཅན་དང་ཚད་གཞི་ཅན་གྱི་ཁྱིམ་ཚང་མཛུབ་སྟོན་ཞབས་ཞུའི་དཔུང་སྡེ་ཞིག་ཏུ་གྱུར་ཡོད།

མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་སློབ་གསོའི་འཆད་ཁྲིད་ཚོགས་པ་བཙུགས་པ་ནས་བཟུང་ཁོངས་མི་ཁག་ཞིང་སྡེ་དང་། འབྲོག་ཁུལ། གྲོང་བརྡལ་སྡེ་ཁུལ་སོགས་ལ་སོང་སྟེ་ཁྱིམ་བདག་གི་གསོ་སྦྱོང་འཛིན་གྲྭ་དང་ཆེད་སྒྲིག་འཆད་ཁྲིད་སྤེལ་ཏེ། ཁྱིམ་ཚང་སློབ་གསོའི་ཤེས་བྱ་སྐོར་སྐྱོད་གཏམ་བཤད་དང་འདྲི་རྟོགས་ཞབས་ཞུ་སྤེལ་ཏེ།རང་ཞིང་གི་ཁྱིམ་ཚང་སློབ་གསོའི་མཛུབ་སྟོན་དང་ཞབས་ཞུ་སྡེ་ཁུལ་དང་ཞིང་སྡེར་སྐྱོད་པ་ཞེས་པའི་བྱེད་སྒོའི་སྤུས་རྟགས་གཏོད་པ་དང་། ཕུལ་བྱུང་གི་ཁྱིམ་ཚང་སློབ་གསོའི་ཤེས་བྱ་རྒྱ་ཆེ་བའི་ཁྱིམ་བདག་གི་གམ་དུ་སྐྱེལ།

ཉེ་བའི་ལོ་རིང་ལ་ཁྱིམ་ཚང་སློབ་གསོའི་འཆད་ཁྲིད་ཚོགས་པས་ཐུན་མོང་ཐོག་ཁྱིམ་ཚང་སློབ་གསོའི་མཛུབ་སྟོན་དང་ཞབས་ཞུ་སྡེ་ཁུལ་དང་ཞིང་སྡེར་སྐྱོད་པའི་བྱེད་སྒོ་དེ་ཐེངས40ལྷག་དང་།ཁྱིམ་བདག་དང་ལྟ་སྐྱོང་པར་མི་ཐེངས 6000 ལྷག་བཅས་ཀྱི་བྱེད་སྒོ་སྤེལ་ཡོད་པ་དང་། གཞིས་སྲུང་བྱིས་པའི་ཁྱིམ་བདག་ལག་དེབ་དང་།  དཔྱིད་དཔལ་འཆར་གཞི། ཕ་བུའི་དཔེ་ཆ་ཀློག་པའི་མཛུབ་སྟོན་ལག་དེབ་བཅས་ཁྲི3ལྷག་བྱིན་ཏེ། ཁྱིམ་ཚང་དང་སློབ་གྲྭ་དེ་བཞིན་སྤྱི་ཚོགས་འཆམ་མཐུན་དང་སྤེལ་རེས་ཀྱི་ལས་སྟེགས་ཞིག་བསྐྲུན་ཡོད་པ་རེད།

ལོ་ཙཱ་བ། གཡང་སྐྱིད།