མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་མ་དངུལ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་གཉིས་དུར་ཕྱུར་གཅིག་བཀོད་སྒྲིག་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་རྒན་གསོ་ཞབས་ཞུའི་སྤུས་ཚད་མཐོར་འདེགས་གཏོང་བར་རོགས་འདེགས་བྱས།

གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་ཞིང་ཆེན་ནོར་སྲིད་ཐིན་གྱིས་བསྡོམས་པས་རོགས་སྐྱོར་མ་དངུལ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་གཉིས་དུར་ཕྱུར་གཅིག་བཀོད་སྒྲིག་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་རྒན་གསོ་ཞབས་ཞུའི་སྤུས་ཚད་མཐོར་འདེགས་གཏོང་བར་རོགས་འདེགས་བྱས།

སྲིད་ཇུས་ཀྱི་འགན་སྲུང་ཤུགས་ཚད་ཇེ་ཆེར་གཏོང་ཆེད་མཚོ་སྔོན་ཞིང་ཆེན་གྱིས་ལོ་ལོན་རྒན་པར་ལྟ་རྟོག་བྱེད་པའི་སྤྱི་ཚོགས་འགན་སྲུང་གཟིགས་སྐྱོང་ལེགས་སྒྲིག་ལམ་ལུགས་འཐུས་ཚང་དུ་བཏང་བ་དང་མ་དངུལ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་གཅིག་དུང་ཕྱུར་དྲུག་ལྷག་བཏང་སྟེ་ལོ་ལོན་རྒན་པའི་སྤྱི་ཚོགས་འགན་སྲུང་གཟིགས་སྐྱོང་ཚད་གཞིར་སླེབས་པར་རྒྱབ་སྐྱོར་བྱས། མ་དངུལ་སྒོར་དུང་ཕྱུར་གསུམ་ལྷག་བཏང་སྟེ་ལོ་ལོན་རྒན་པའི་ལུས་པོར་ཞིབ་བཤེར་བྱེད་པའི་ཁ་གསབ་ལམ་ལུགས་དོན་འཁྱོལ་བྱེད་པར་རྒྱབ་སྐྱོར་བྱས། དེ་དང་མཉམ་དུ། ཧ་ཅང་དབུལ་ཕོངས་ཡིན་པའི་གཟིགས་སྐྱོང་བྱ་ཡུལ་དང་དབང་བོ་སྐྱོན་ཅན་གྱི་ལོ་ལོན་རྒན་པ་དག་མཁར་གྲོང་གི་སྨན་བཅོས་རོགས་སྐྱོར་འགན་སྲུང་བྱ་ཡུལ་གཙོ་བོར་འཇོག་རྒྱུ་ཡིན་པར་མ་ཟད་མཁར་གྲོང་གི་ལོ་ལོན་རྒན་པ་དག་འཕྲད་སྲིད་པའི་ཐོལ་བྱུང་རང་བཞིན་དང་བྲེལ་མྱུར་རང་བཞིན། གནས་སྐབས་རང་བཞིན་གྱི་འཚོ་བའི་དཀའ་ཁག་ལ་གནས་སྐབས་རོགས་སྐྱོར་བྱེད་པ་དང་། འཚོ་བར་དཀའ་ཁག་ཡོད་པའི་རོང་འབྲོག་ཁུལ་གྱི་ལོ་ལོན་རྒན་པའི་ཉེན་ཁང་བསྒྱུར་བཀོད་བྱེད་རྒྱུ་ཡིན་པར་མ་ཟད་ཁྱིམ་ཚང་རེར་ཆ་སྙོམས་སྒོར་ཁྲི་གཉིས་དང་སྟོང་ལྔའི་ཚད་གཞི་ལྟར་འཛུགས་སྐྲུན་རོགས་སྐྱོར་དངུལ་སྟེར་རྒྱུ་རེད། མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དྲུག་བཏང་སྟེ་རྒན་གསོ་ཕན་བདེ་ལས་ཁུངས་དང་སྤྱི་ཚོགས་ཕན་བདེ་ལྟེ་གནས། རྒན་གསོ་ཞབས་ཞུའི་ཆ་འཕྲིན་ཅན་སོགས་འཛུགས་སྐྲུན་ལས་གཞིར་རོགས་སྐྱོར་བྱེད་རྒྱུ་རེད།

དེ་དང་མཉམ་དུ། མཚོ་ཤར་གྲོང་ཁྱེར་རྒྱལ་ཡོངས་ཀྱི་ཁྱིམ་སྡོད་དང་གཞིས་ཁུལ་རྒན་གསོ་ཞབས་ཞུའི་བཅོས་སྒྱུར་དཔེ་སྟོན་ཁུལ་དུ་བདེ་བླག་ངང་ཡིག་ཐོག་སྙན་ཞུ་བྱེད་པར་སྐུལ་འདེད་བཏང་སྟེ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རྒན་གསོ་ཞབས་ཞུའི་རྣམ་པ་འཚོལ་ཞིབ་བྱེད་པར་རྨང་གཞི་བརྟན་པོ་བཏིངས།

སྨན་བཅོས་དང་རྒན་གསོ་ཞབས་ཞུ་ཟུང་འབྲེལ་བྱ་བར་རྒྱབ་སྐྱོར་བྱས་ཏེ་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་རྒྱལ་ཁབ་ཀྱི་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་དཔེ་སྟོན་ཁུལ་གྱི་ཁྱབ་ཁོངས་སུ་འཇོག་རྒྱུ་རེད། མིག་སྔའི་བར། ཞིང་ཆེན་ཡོངས་སུ་རྫོང་རིམ་པ་ཡན་གྱི་སྨན་བཅོས་སྡེ་ཁག་བརྒྱ་ལྷག་ཏུ་ལོ་ལོན་རྒན་པའི་ནད་རིགས་བརྟག་དཔྱད་ཚན་ཁག་དང་སྒོ་བསྟེན་ཁང་སོགས་བཙུགས་ཡོད་པ་དང་སྨན་བཅོས་སྡེ་ཁག་གྱ་བཞིས་ལོ་ལོན་རྒན་པར་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་བཞིན་ཡོད་པར་མ་ཟད། སྨན་བཅོས་སྡེ་ཁག་བརྒྱ་དང་སོ་གསུམ་དང་རྒན་གསོ་སྡེ་ཁག་བརྒྱ་དང་ཞེ་དྲུག་གིས་མཉམ་ལས་འབྲེལ་བའི་གྲོས་མཐུན་བཀོད་ཡོད།