མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་མཉམ་ལས་གྲོས་མཐུན་བཀོད་པ།

ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་མཉམ་དུ་དབང་བོ་སྐྱོན་ཅན་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་པའི་བརྒྱུད་རིམ་ལ་སྐུལ་འདེད་གཏོང་བའི2017ལོ་ནས2020ལོའི་བར་གྱི་མཉམ་ལས་གྲོས་མཐུན་བཀོད། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅོན་གྱིས་མཚོ་སྔོན་ཞིང་ཆེན་དུ་དབང་བོ་སྐྱོན་ཅན་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱེད་པར་ཡོང་བའི་ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ལས་འཛིན་དཔོན་པོ་ལུའུ་ཡོང་ལ་ཐུག་འཕྲད་བྱས་པར་མ་ཟད་གྲོས་མཐུན་འགོད་པའི་མཛད་སྒོར་ཞུགས།

མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱི་མངག་བཅོལ་ལྟར། ཝང་ཅན་ཅོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ས་ཡ་ལྔ་དང་འབུམ་དགུ་ཁྲི་གསུམ་གྱི་ཚབ་བྱས་པ་དང་། ལྷག་པར་དུ་དབང་བོ་སྐྱོན་ཅན་འབུམ་གསུམ་གྱི་ཚབ་བྱས་ཏེ་ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་དབང་བོ་སྐྱོན་ཅན་ལས་དོན་ཐད་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཝང་ཅན་ཅོན་གྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་དབང་བོ་སྐྱོན་ཅན་ལས་དོན་འཕེལ་རྒྱས་སུ་གཏོང་བ་དང་། དབང་བོ་སྐྱོན་ཅན་གྱི་ལུས་གསོ་ཞབས་ཞུ་ལ་ཤུགས་སྣོན་དགོས་ཞེས་བསྟན་ཡོད་པ་དང་། ཐེངས་འདིར་ཕྱོགས་གཉིས་ཀྱིས་མཉམ་དུ་དབང་བོ་སྐྱོན་ཅན་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་བའི་མཉམ་ལས་གྲོས་མཐུན་བཀོད་པ་དེ་ནི། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་བྱེ་བྲག་གི་མཚོན་བྱེད་ཡིན་ལ། དེས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་སྐུལ་འདེད་གཏོང་ཐུབ་པ་མ་ཟད། དབུལ་ཐར་མཁྲེགས་གཏོར་ཐད་རོགས་སྐྱོར་དང་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་བསྐྱེད་ཐུབ་ཟེར། ཝང་ཅན་ཅོན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཁེ་བཟང་རག་པའི་ཕྱོགས་ཡིན་པའི་ཆ་ནས། རང་འགུལ་གྱིས་ས་གནས་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། གྲོས་མཐུན་གྱི་ནང་དོན་ལག་བསྟར་བཟང་བོ་བྱས་ནས། ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་། མཚོ་སྔོན་ལ་རྒྱབ་སྐྱོར་སྔར་ལས་ཆེན་པོ་བྱེད་པའི་ཐད་ནས་ཆ་རྐྱེན་བཟང་བོ་སྐྲུན་པ་དང་། མཉམ་ལས་གྲོས་མཐུན་དེ་མཚོ་སྔོན་ནས་ལག་བསྟར་བཟང་བོ་བྱེད་པ་དང་གྲུབ་འབྲས་བཟང་བོ་ལེན་ཐུབ་པར་བྱེད་དགོས་ལ། དབང་བོ་སྐྱོན་ཅན་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་པར་སྐུལ་འདེད་གཏོང་བ་བརྒྱུད་དེ། དབང་བོ་སྐྱོན་ཅན་གྱི་བདེ་སྡོད་ལས་བརྩོན་དང་ལྟོ་གོས་ཐད་སེམས་ཁྲལ་བྱེད་མི་དགོས་པ་དང་། འཚོ་བ་སྔར་ལས་ཇེ་བཟང་དང་སྔར་ལས་བདེ་སྐྱིད་ལྡན་པ། ཏང་དང་སྲིད་གཞུང་། སྤྱི་ཚོགས་ཀྱི་དྲོད་ཁོལ་སྔར་ལས་མང་པོ་མྱོང་ཐུབ་པར་བྱེད་དགོས་ཟེར།

ལུའུ་ཡོང་གིས་ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དབང་བོ་སྐྱོན་ཅན་ལས་དོན་དང་དབང་བོ་སྐྱོན་ཅན་གྱི་བྱ་བར་ཧ་ཅང་མཐོང་ཆེན་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཐེངས་འདིར་ཕྱོགས་གཉིས་ཀྱིས་གྲོས་མཐུན་བཀོད་པ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབང་བོ་སྐྱོན་ཅན་ལས་དོན་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་བྱེ་བྲག་གི་འགུལ་སྐྱོད་ཡིན་ལ། རྒྱལ་ཡོངས་ཀྱི་པུའུ་དང་ཞིང་ཆེན་བར་མཉམ་ལས་བྱས་ནས་དབང་བོ་སྐྱོན་ཅན་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་པར་སྐུལ་འདེད་གཏོང་བའི་མཉམ་ལས་གྲོས་མཐུན་དང་པོ་ཡང་ཡིན་པས། མཚོན་རྟགས་རང་བཞིན་གྱི་དོན་སྙིང་ལྡན་ཟེར།

ཉིན་དེར་བསྡུས་པའི་མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་བྱ་བའི་སྙན་ཞུའི་གྲོས་ཚོགས་སྟེང་། མཚོ་སྔོན་གྱི་ཧྲིན་ཀྲང་་གཞོན་པ། ཞིང་ཆེན་སྲིད་གཞུང་དབང་བོ་སྐྱོན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁོང་ཡུང་གིས་བསྟན་དོན། མཚོ་སྔོན་གྱིས་པུའུ་དང་ཞིང་ཆེན་གཉིས་ཀྱིས་མཉམ་དུ་འཛུགས་སྐྲུན་བྱེད་པ་དེ་གོ་སྐབས་སུ་བརྩི་བ་དང་། དབང་བོ་སྐྱོན་ཅན་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་པའི་སྲོག་ཤིང་དམིགས་འབེན་ལ་དམིགས་ནས། སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ། རྒྱ་སྐྱེད་གཉིས་བཅས་དམ་འཛིན་ལྷོད་མེད་བྱེད་པ་དང་། དབང་བོ་སྐྱོན་ཅན་བྱ་བའི་གཞི་གྲངས་ཆེན་མོའི་སྟེགས་བུ་འཛུགས་རྒྱུ་དེ་གོ་གནས་གལ་ཆེན་དུ་འཇོག་པ། དབང་བོ་སྐྱོན་ཅན་གྱིས་སྤོབས་པ་ཆེན་པོ་དང་ཡིད་ཆེས་ཡོད་པའི་སྒོ་ནས་འཚོ་བའི་ཐད་ཀྱི་འགྲན་རྩོད་གདོང་གིས་བསུ་བར་སྐུལ་སློང་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་ལས་དོན་གྱི་ཆུ་ཚད་མཐོར་འདེགས་བྱེད་དགོས་ཟེར།

ལུའུ་ཡོང་དང་ཁོང་ཡུང་གཉིས་ཀྱིས་ཕྱོགས་གཉིས་ཀྱི་ཚབ་བྱས་ནས་མཉམ་ལས་གྲོས་མཐུན་བཀོད། གྲོས་མཐུན་ནང་དོན་ལྟར་ན། ཕྱོགས་གཉིས་ཀྱིས་མཉམ་ལས་གཏིང་ཟབ་བྱས་ནས། ཁ་གཏད་རོགས་སྐྱོར་རྐྱེན་སྲོལ་འཛུགས་པ་དང་། དབང་བོ་སྐྱོན་ཅན་གྱི་གཞི་རྩའི་དམངས་ཚིས་ལ་འགན་སྲུང་བྱེད་པ། དབང་བོ་སྐྱོན་ཅན་དང་དེའི་ཁྱིམ་ཚང་དུས་བཀག་ལྟར་དབུལ་ཐར་བྱེད་པ་དང་ཡོང་སྒོ་ཁ་སྣོན་བྱེད་པ། དབང་བོ་སྐྱོན་ཅན་གྱི་གཞི་རྩའི་སྤྱི་ཐུན་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བྱེད་པ། ཁྲིམས་ལྟར་དབང་བོ་སྐྱོན་ཅན་གྱི་འདྲ་མཉམ་ཁེ་དབང་ལ་འགན་སྲུང་བྱེད་པ། དབང་བོ་སྐྱོན་ཅན་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་པའི་ཐད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། ཕྱོགས་བསྡུས་འགན་སྲུང་བྱེད་ཐབས་དང་ཆ་རྐྱེན་ཇེ་དྲག་ཏུ་གཏོང་བ་བཅས་ཕྱོགས་བདུན་ཐད་ནས་མཉམ་དུ་དབང་བོ་སྐྱོན་ཅན་ལས་དོན་འཕེལ་རྒྱས་སུ་བཏང་སྟེ། 2020ལོའི་བར། དབང་བོ་སྐྱོན་ཅན་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་པར་ཁག་ཐེག་བྱེད་རྒྱུ་རེད།