མཚོ་སྔོན་གྱིས་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་རྒྱལ་ཡོངས་ཀྱི་དོ་དམ་ཆ་འཕྲིན་མ་ལག་སྤྱོད་འགོ་ཚུགས་པ།

    མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་7ཉིན་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་རྒྱལ་ཡོངས་ཀྱི་དོ་དམ་ཆ་འཕྲིན་མ་ལག་ཁྱོན་ཡོངས་ནས་སྤྱོད་འགོ་ཚུགས་ཤིང་། སྤྱོད་འགོ་ཚུགས་པའི་ཉིན་དེར་ཕྱི་རྒྱལ་(རྒྱལ་མཚམས་ནས་སྒྲོལ་མཁན)དུ་འགྲོ་མཁན་མི་ཐེངས་816གི་ལག་ཁྱེར་བདག་སྤྲོད་བྱས་པ་རེད། དེའི་རིང་མ་ལག་གི་འཁོར་སྐྱོད་བརྟན་པོ་ཡོད་པ་རེད། ཚད་ལེན་ཞིབ་རྩིས་བྱས་པ་བརྒྱུད་མ་ལག་གསར་པ་སྤྱོད་འགོ་ཚུགས་རྗེས་ཞིང་ཆེན་ཡོངས་ཀྱི་རྒྱལ་མཚམས་ནས་འགྲོ་འོང་བྱེད་མཁན་ལ་འགྲོ་ལུགས་གཉེར་སྐབས་མྱུར་ཚད་30%མགྱོགས་སུ་ཕྱིན་ནས་མང་ཚོགས་ལ་ལག་ཁྱེར་གཉེར་བའི་དུས་ཚོད་གསུམ་ཆ་གཅིག་ཐུང་དུ་ཕྱིན་ཡོད་པ་རེད།

རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་རྒྱལ་ཡོངས་ཀྱི་དོ་དམ་ཆ་འཕྲིན་མ་ལག་གིས་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་གྲངས་གཞི་བསྡུ་སྒྲིལ་གཏིང་ཟབ་བྱས་ཏེ་རྒྱལ་ཡོངས་སུ་ལག་ཁྱེར་གཉེར་བའི་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་བྱ་རྒྱུ་ཡིན་པས། གྲངས་གཞི་དབྱེ་ཞིབ་དང་ལས་སྒོ་མཉམ་སྒྲུབ་ཀྱི་ལས་ཕྱོད་ཁྱོན་ཡོངས་ནས་མཐོ་རུ་འགྲོ་རྒྱུ་དང་། རྒྱལ་མཚམས་ནས་འགྲོ་འོང་བྱེད་མིའི་ཆ་འཕྲིན་དོ་དམ་ཆུ་ཚད་མཐོ་རུ་འགྲོ་རྒྱུ། གཞན་ཡང་མ་ལག་ལག་རྩལ་གཅིག་གྱུར་དང་། ལས་སྒོ་གཉེར་བའི་རྣམ་པ་གཅིག་གྱུར། མང་ཚོགས་ཞབས་ཞུའི་ཚད་གཞི་གཅིག་གྱུར་བཅས་བྱུང་བས། སླད་ཕྱིན་མང་ཚོགས་ཀྱིས་ཡུལ་གཞན་ནས་རྒྱལ་མཚམས་སྒྲོལ་བའི་ལས་སྒོ་སྣ་ཚོགས་ཀྱི་འགྲོ་ལུགས་གཉེར་རྒྱུ་དང་མི་སྒེར་གྱི་འབྲེལ་ཡོད་ཆ་འཕྲིན་འདྲི་རྩད་བྱེད་པར་རྨང་གཞི་བཏིངས་ཡོད། མ་ལག་གསར་པར་ཞིབ་བཤེར་བྱེད་ནུས་ཆེན་པོ་ལྡན་པས་དེ་སྤྱད་པ་ལས་སྐར་ཁུང་གི་ལས་དོན་མི་སྣའི་ལས་འབོར་ཉུང་དུ་དང་ལག་ཁྱེར་གཉེར་སྐབས་མང་ཚོགས་སྒུག་ཡུན་ཐུང་དུ་སོང་ནས་ཞབས་ཞུའི་སྤུས་ཚད་མཐོ་རུ་དང་ལས་སྒྲུབ་ལས་ཕྱོད་གཉིས་ཀ་སྔར་བས་ཆེ་རུ་འགྲོ་རྒྱུ་རེད།