ཁོང་ཡུང་གིས་དམིགས་བསལ་སྒྲིག་ཆས་ཞིབ་བཤེར་རྩིས་ལེན་མཉམ་འབྲེལ་བྱ་འགུལ་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་མི་སྣར་འཚམས་འདྲི་བྱས་པ།

ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་སོ་སོར་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་དམིགས་བསལ་སྒྲིག་ཆས་ཞིབ་བཤེར་རྩིས་ལེན་བྱ་འགུལ་གྱི་བཀོད་འདོམས་པུའུ་དང་ཟི་ལིང་མེ་འཁོར་ས་ཚིགས་ཀྱི་རླངས་འཁོར་སྒུག་སར་སོང་ནས་གློག་སྐས་ལ་ཞིབ་བཤེར་རྩིས་ལེན་བྱེད་པའི་ཡུལ་དངོས་ཀྱི་ལག་རྩལ་མི་སྣ་དང་བཀོད་འདོམས་པུའུ་ཡི་ལས་བྱེད་མི་སྣ་ལ་འཚམས་འདྲི་བྱས། ཁོས་ནན་གྱིས་བསྟན་དོན། ཐེངས་འདིའི་མཉམ་འབྲེལ་བྱ་འགུལ་ནི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་བྱེ་བྲག་གི་མཚོན་བྱེད་ཡིན་ལ། འགན་འཁྲི་སེམས་སུ་བརྟན་པོར་འཛིན་པ་དང་སྟོབས་ཤུགས་ཡོད་རྒུས་བྱ་བ་སྒྲུབ་ནས། ཞིབ་བཤེར་ཐད་ཀྱི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པ་དང་། མཉམ་འབྲེལ་བྱ་འགུལ་ཐད་ཀྱི་ཁྱོན་ཡོངས་ཀྱི་རྒྱལ་ཁ་བརྩོན་ལེན་བྱེད་དགོས་ཟེར།

བཞུགས་མོལ་ཚོགས་འདུའི་སྟེང་། ཁོང་ཡུང་གིས་ཐོག་མར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་རྒྱལ་ཁབ་རྒྱུ་སྤུས་ལྟ་སྐུལ་སྤྱི་ཁྱབ་ཅུའུ་ཡིས་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་དང་། མཉམ་འབྲེལ་བྱ་འགུལ་ལ་ཞུགས་པའི་མི་སྣ་ཡོངས་ལ་འཚམས་འདྲི་བྱས་པ་མ་ཟད། ཁོ་ཚོས་ཉིན་ཉི་ཤུ་རིང་ལ་དཀའ་སྤྱད་འབད་བརྩོན་དང་བྱ་བ་བཟང་བོར་བསྒྲུབས་པར་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱི་དམིགས་བསལ་སྒྲིག་ཆས་ཀྱི་གྲངས་ཀ་མེད་པ་ནས་ཡོད་པ་དང་། ཉུང་བ་ནས་མང་པོར་གྱུར་ལ། དམིགས་བསམ་སྒྲིག་ཆས་ཀྱི་རིགས་སྣ་དང་གྲངས་ཀ་ཡང་ཇེ་མང་དུ་སོང་། ཟླ་གཅིག་རིང་གི་མཉམ་འབྲེལ་བྱ་འགུལ་ཁྲོད། དམིགས་བསལ་སྒྲིག་ཆས་ཁྲི་གཅིག་ལྷག་ལ་ཞིབ་བཤེར་རྩིས་ལེན་བྱེད་པའི་བྱ་བ་ཡོངས་འགྲུབ་བྱས་པ་དང་། དུས་ཚོད་ཐད་ནས་བྲེལ་མྱུར་ཆེ་ཞིང་ལས་འགན་ཧ་ཅང་ལྕི་ལ། ཚང་མས་མཉམ་འབྲེལ་བྱ་འགུལ་སྐབས་སུ་བདེ་འཇགས་དང་རྒྱུ་སྤུས་གཙོར་འཛིན་པརརྒྱུན་འཁྱོངས་བྱས་ནས། རྒྱུ་སྤུས་མཐོ་བའི་སྒོ་ནས་ཞིབ་བཤེར་རྩིས་ལེན་གྱི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་དགོས་ཟེར།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་དེ་ཞིང་ཆེན་ཡོངས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་དང་སྤྱི་ཐུན་བདེ་འཇགས་ལ་འབྲེལ་བ་ཡོད་པས། བཀོད་འདོམས་པུའུ་ཡིས་མཚོ་སྔོན་ཞིང་ཆེན་གྱི་དམིགས་བསལ་སྒྲིག་ཆས་དཔུང་སྡེ་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་པ་དང་། དེའི་ཁྲོད་སྐྱེད་སྲིང་སློབ་གསོ་དང་། ཞིག་གསོ་སྲུང་སྐྱོབ་སྡེ་ཁག་དང་བཀོལ་སྤྱོད་སྡེ་ཁག་བར་གྱི་འགན་འཁྲི་གཙོ་བོའི་གནད་དོན་ཐད་ལྷག་པར་དུ་ཤུགས་བསྣན་ནས། ཆ་འཕྲིན་ཅན་དོ་དམ་ཆུ་ཚད་མཐོར་འདེགས་བྱེད་པ་བརྒྱུད་དེ། མཚོ་སྔོན་ཞིང་ཆེན་གྱི་དམིགས་བསལ་སྒྲིག་ཆས་ཐད་ཀྱི་ལྟ་སྐུལ་དོ་དམ་ཆུ་ཚད་མཐོར་འདེགས་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་རྒྱུ་སྤུས་ལྟ་སྐུལ་དོ་དམ་དང་ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་མཉམ་འབྲེལ་བྱ་འགུལ་དེ་གོ་སྐབས་སུ་བརྩིས་ནས། སྤུན་ཟླ་ཞིང་ཆེན་དང་གྲོང་ཁྱེར་གྱི་ཉམས་མྱོང་དང་བྱེད་ཐབས་བཟང་བོར་སློབ་སྦྱོང་བྱེད་པ་དང་། ཚད་མཐའ་མཐིལ་རྟོགས་བྱེད་པ། ལྟ་སྐུལ་དོ་དམ་དང་གསོ་བཅོས་སྲུང་སྐྱོབ་ཐད་ནས་ཁོང་དུ་ཆུད་པར་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས་ཟེར།