མེ་འཁོར་པ་སེ་ཉོས་པའི་སྐར་མ་ཐད་ཀར་པ་སེ་ལ་བརྗེ་ཆོག

ཁ་སང་གསར་འགོད་པས་ཀྲུང་གོའི་ལྕགས་ལམ་སྤྱི་ཁྱབ་ཀུང་སི་ནས་ཤེས་གསལ་ལྟར་ན། ཟླ༡༢པའི་ཚེས༢༠ཉིན་ནས་བཟུང་ལྕགས་ལམ་གྱི་རྒྱུན་སྡོད་སྐུ་མགྲོན་གྱི་ཁོངས་མི་གྱུར་བའི་མགྲོན་པོའི་པ་སེའི་སྐར་གྲངས་གསོག་ཉར་གྱི་གྲངས་ཚད་ངེས་ཅན་ལ་སོན་ན་ཐད་ཀར་མེ་འཁོར་པ་སེ་ལ་བརྗེ་ཆོག་པའི་ལམ་ལུགས་ཤིག་ལག་བསྟར་བྱ་རྒྱུ་ཡིན་འདུག 

ཀུང་སི་དེའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་ལྟར་ན།  ད་ལོའི་ཟླ༡༢པའི་ཚེས༢༠ཉིན་ནས་བཟུང་། ལོ་བཅུ་གཉིས་ལ་སོན་པའི་མིས་དྲ་ཚུགས12306(ཁ་པརAPPཚུད)དང་། མེ་འཁོར་འབབ་ཚུགས་ཀྱི་ཆེད་སྒྲུབ་སྟེགས་བུ་སོགས་སུ་རྒྱུན་སྡོད་སྐུ་མགྲོན་གྱི་ཁོངས་མིར་སྙན་ཞུ་ཞུས་ཆོག་ལ། གལ་ཏེ་ཐོབ་ཐང་ར་སྤྲོད་ལ་ནོར་འཛོལ་མེད་ཚེ་ཐད་ཀར་ལྕགས་ལམ་གྱི་རྒྱུན་སྡོད་སྐུ་མགྲོན་གྱི་ཁོངས་མིར་འགྱུར་ཐུབ། དེའི་ཁོངས་མིར་གྱུར་རྗེས་མེ་འཁོར་པ་སེའི་རིན་གོང་ལྟར་སྐར་མ་གསོག་ཐུབ། སྐར་གྲངས་གསོག་ཐབས་ནི་དཔེར་ན་སྐུ་མགྲོན་གྱིས་སྒོར༡༠༠ཅན་གྱི་པ་སེ་ཉོས་ན་སྐར་མ་༥༠༠ཡོད་པ་ལྟ་བུ་ཡིན།  གལ་ཏེ་པ་སེ་ཐོག་མར་ཉོ་དུས་སྐར་མ༡༠༠༠༠ཡོད་ཚེ།  སྐར་མ་དེ་མེ་འཁོར་པ་སེ་ལ་ཐད་ཀར་བརྗེ་ཆོག་པ་མ་ཟད།  ལྕགས་ལམ་སྡེ་ཚན་གྱིས་དམིགས་སུ་ཤར་གཏོང་བྱ་རྒྱུའི་མེ་འཁོར་དེའི་པ་སེ་ལ་བརྗེ་ཆོག་པ་རེད།

སྐར་མ་འདི་བེད་སྤྱོད་གཏོང་སྟངས།

༡ སྐར་མ་དེ་རྩིས་ཐོར་བཀོད་པའི་ཉིན་དེ་ནས་ཟླ་བ༡༢རིང་ལ་ནུས་གོ་ཆོད། དུས་དེ་ཡལ་ཚེ་སྐར་གྲངས་ག་ཚོད་ཡོད་ཀྱང་རང་འགུལ་གྱིས་མེད་འགྲོ །  

༢ ཁོངས་མིས་སྐར་མ་པ་སེ་ལ་བརྗེ་མཁན་དམིགས་སུ་གཏན་འཁེལ་བྱས་ཆོག་པས་ཆེས་མང་ན་མི་བརྒྱད་ལས་གཏན་འཁེལ་བྱས་མི་ཆོག

༣ སྐར་མ་བརྗེ་སྤྲོད་བྱས་པའི་བྱ་དགའ་ཡོད་པའི་པ་སེ་དང་། པ་སེ་ཁ་གསབ།  ཚབ་སྤྱོད་པ་སེ།  རང་མིང་ནས་པ་སེ་ཉོས་བ་མིན་པ་བཅས་ལ་སྐར་གྲངས་གསོག་མི་ཆོག

༤སྐར་མ་བརྗེ་ལེན་བྱེད་དུས་རྩིས་སྤྲོད་བྱེད་སྟངས་གཞན་དག་སྤྱད་ནས་བསྲེས་སྤྲོད་བྱེད་མི་ཆོག

སྐར་མ་པ་སེ་བརྗེ་མཁན་གྱི་སྐུ་མགྲོན་ནི་ཁོངས་མི་རང་ཉིད་ཡིན་ཆོག་ལ། ཁོངས་མི་རང་ཉིད་ཀྱིས་གཏན་འཁེལ་བྱས་ཟིན་པའི་མི་ཡིན་ཆོག   ད་སྔ་ལྕགས་ལམ་རྒྱུན་སྡོད་ཀྱི་སྐུ་མགྲོན་ཁོངས་མིར་སྙན་སེང་ཞུ་སྐབས།  སྡོད་དམངས་ཀྱི་ཐོབ་ཐང་ལག་འཁྱེར་དང་། ཀང་ཨོ་ཡི་སྡོད་དམངས་ནང་སར་འགྲོ་འོང་གི་འཁྲོལ་ཡིག   ཐེ་ཝན་སྡོད་དམངས་སྐམ་སར་འགྲོ་འོང་གི་འཁྲོལ་ཡིག   རྒྱལ་གྲོལ་ལམ་ཡིག་སོགས་དཔང་ཡིག་གོ་ཆོད་དགོས།

འདིའི་སྐོར་གྱི་གནས་ཚུལ་ལ་ཞིབ་འདྲི་བྱེད་ན།   སྐུ་མགྲོན་གྱིས་ལྕགས་ལམ་སྐུ་མགྲོན་ཞབས་ཞུ་ལྟེ་གནས་དྲ་ཚིགས༡༢༣༠༦ལ་ཐོ་འགོད་དང་། ཁ་པར་ཨང་གྲངས༡༢༣༠༦ལ་ཁ་པར་བཏང་ནས་ཞིབ་འདྲི་བྱས་ཆོག  གཞན་མེ་འཁོར་འབབ་ཚུགས་ཀྱི་ཞབས་ཞུ་སྟེགས་བུ་ནས་རྒྱུས་ལོན་བྱས་ཆོག

ལོ་ཙཱ་བ། ཁོན་ཐར་འཚོ།