བ་ཡན་རྫོང་གིས་དབུལ་ཐར་སྡེ་བའི་འགྲིམ་འགྲུལ་ཐད་མ་དངུལ་སྒོར་དུང་ཕྱུར་2.65བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ད་ལོར། བ་ཡན་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ལེན་པ་དང་རྫོང་ཡོངས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དམ་འཛིན་བྱེད་རྒྱུ་དེ་ལས་ཀའི་ལྟེ་བ་རུ་བྱེད་པ་དང་།  དཔུང་སྡེ་འཛུགས་སྐྱོང་དམ་འཛིན་དང་རྨང་གཞི་བརྟན་པོར་གཏོང་བ། རྣམ་གྲངས་བརྩོན་ལེན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་ཀའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། དབུལ་ཐར་སྡེ་བ42ཀྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དང་། 2017ལོའི་འགྲིམ་འགྲུལ་བཟོ་སྐྲུན་གྱི་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས་ཤིང་། འགྲིམ་འགྲུལ་རིགས་ཁག་གི་མ་འཇོག་ཁྱོན་བསྡོམས་པའི་སྒོར་དུང་ཕྱུར2.65ལེགས་འགྲུབ་བྱུང་བ་རེད།

ད་ལོར། བ་ཡན་རྫོང་འགྲིམ་འགྲུལ་ཅུས་ཀྱིས་གནད་འཕིགས་དབུལ་ཐར་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་སྔར་བས་མགྱོགས་སུ་བཏང་བ་རེད། ད་སྔའི་བར་དུ། བ་ཡན་རྫོང་གིས་དབུལ་ཐར་སྡེ་བ42ཀྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དང་།  སྡེ་བ་རིམ་པའི་གཞུང་ལམ་སྤྱི་ལེ163.94ལེགས་འགྲུབ་བྱུང་ལ། སྤྱིའི་མ་དངུལ་སྒོར་ཁྲི2706.52བཏང་བ་རེད། སྡེ་བའི་གཞུང་ལམ་དང་བདེ་སྲུང་ལས་གྲྭ་སོགས་རྣམ་གྲངས95ལེགས་འགྲུབ་བྱུང་བ་དང་། མ་དངུལ་སྒོར་ཁྲི14972.4བཏང་བ་རེད། མཚེ་མགུར་གསར་ཁུལ་གྱི་རིམ་པ་དང་པོའི་འགྲུལ་སྐྱེལ་ས་ཚིགས་དང་དེ་བཞིན་ཤང་གྲོང་ས་ཚིགས་འཛུགས་སྐྲུན་རྣམ་གྲངས2ལེགས་འགྲུབ་བྱུང་བ་དང་། མ་དངུལ་སྒོར་ཁྲི2124བཏང་བ་རེད། ཡུལ་སྐོར་གཞུང་ལམ་དང་ཐོན་ལས་གླིང་ཁུལ་གྱི་འགྲོ་ལམ། དབུལ་ཕོངས་སྡེ་བའི་གཞུང་ལམ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་དང་དེ་བཞིན་ལམ་ངོས་རྒྱ་བསྐྱེད་པ་སོགས་རྣམ་གྲངས57ལེགས་འགྲུབ་བྱུང་བ་དང་། དེར་མ་དངུལ་སྒོར་ཁྲི6710བཏང་བ་རེད།

དུས་མཚུངས་སུ། བ་ཡན་རྫོང་གིས་2018ལོའི་རྣམ་གྲངས་འཛུགས་སྐྲུན་གཙོ་གནད་ཁག12བརྩོན་ལེན་བྱེད་བཞིན་ཡོད་པ་དང་། སྤྱིའི་མ་དངུལ་སྒོར་དུང་ཕྱུར་103.32གཏོང་དགོས་པ་རེད། ད་སྔའི་བར་དུ། རྣམ་གྲངས8བརྩོན་ལེན་བྱས་ཟིན་པ་དང་། སྤྱིའི་མ་དངུལ་སྒོར་དུང་ཕྱུར76.48བཏང་བ་རེད། གཞན་ཡང་། ལེ་ཧྭ་མྱུར་བགྲོད་གཞུང་ལམ་ནས་མཚེ་མགུར་གསར་ཁུལ་གྱི་མྱུར་བགྲོད་གཞུང་ལམ་དང་། ཁྲ་ཤར་གྱི་ཡུལ་སྐོར་གཞུང་ལམ་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་དང་ཀླུ་རྒྱ་འགག་བྱང་ངོས་ནས་བྲ་མ་ཐང་ཞིང་ལས་གླིང་ཁུལ་ཡུལ་སྐོར་གཞུང་ལམ་དང་། བ་ཡན་མཚེ་མགུར་ཁྱད་ལྡན་གྲོང་རྡལ་ཞིན་ལུང་ལམ་བཅས་རྣམ་གྲངས་གཙོ་གནད་4བརྩོན་ལེན་ཧུར་ཐག་བྱེད་བཞིན་ཡོད་པ་རེད།

  ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།