རང་ཞིང་གིས་གཟུགས་འདས་ཤུལ་བཞག་རྣམ་གྲངས་ལ་བརྟེན་ནས་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་རིག་གནས་གསར་འགྱུར་པར་སྐྲུན་ཐིན་ནས་རྒྱུས་ལོན་པ་ལྟར་ན། རང་ཞིང་གིས་ཉེ་བའི་ལོ་འདི་དག་གི་རིང་ལ་མི་རིགས་བཟོ་རྩལ་དང་གཟུགས་འདས་ཤུལ་བཞག་རིག་གནས་སྔོག་འདོན་དང་རྒྱུན་འཛིན་བྱས་ཤིང་། སྲོལ་རྒྱུན་ལག་རྩལ་དང་སྲོལ་རྒྱུན་མཛེས་རྩལ་སོགས་གཟུགས་འདས་ཤུལ་བཞག་ལག་རྩལ་དེ་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བའི་ཐབས་ལམ་གསར་བ་ཞིག་ཏུ་གྱུར་ཡོད་པ་རེད།

མཚོ་སྔོན་ལ་ད་སྔར་མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་མཚོན་བྱེད་བརྩམས་ཆོས་རྣམ་གྲངས5ཡོད་ཅིང་། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས73དང་། ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རྣམ་གྲངས136། རྒྱལ་ཁབ་རིམ་པའི་རྣམ་གྲངས་དེ་སྣེ་ཁྲིད་དུ་བྱེད་པ་དང་། ཞིང་ཆེན་རིམ་པའི་རྣམ་གྲངས་དེ་རྐང་འཛིན་དུ་བྱེད་པ། ཁུལ་དང་རྫོང་རིམ་པའི་རྣམ་གྲངས་དེ་རྨང་གཞི་རུ་བྱེད་པའི་རིམ་པ་བཞིའི་མིང་ཐོ་མ་ལག་གཞི་རྩའི་སྟེང་ནས་བཙུགས་ཡོད་པ་རེད། ཕུན་སུམ་ཚོགས་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས་ལ་བརྟེན་ནས་མཚོ་སྔོན་གྱི་རིག་གནས་ནང་དོན་འགྲེམ་སྟོན་བྱེད་པ་དང་མཉམ་དུ། སྲོལ་རྒྱུན་ལག་རྩལ་ཁག་ཅིག་ས་གནས་མང་ཚོགས་ཀྱི་ཡོང་འབབ་འཕར་ཕྱུག་དུ་གྱུར་ཡོད་པ་རེད།

ཞིང་ཆེན་ཡོངས་ཀྱི་རིམ་པ3Aཡན་གྱི་ལྗོངས་ཁུལ34རུ་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་སྟོན་དང་འཁྲབ་སྟོན། ཕྱིར་འཚོང་བྱས་ཡོད། གཟུགས་འདས་ཤུལ་བཞག་རིག་གནས་ལྗོངས་ཁུལ་དུ་དར་བ་ཡིས། ལྗོངས་ཁུལ་གྱི་ཞབས་ཞུའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་བ་མ་ཟད། རྒྱ་ཆེའི་ཡུལ་སྐོར་བ་རྣམས་ཀྱིས་ས་གནས་ཀྱི་དམངས་སྲོལ་གོམས་འདྲིས་ལ་མྱོང་རོལ་དང་། དམངས་ཁྲོད་སྒྱུ་རྩལ་པ་དང་རྒྱུན་འཛིན་པར་ལས་ཞུགས་སྟེགས་བུ་མཁོ་འདོན་བྱས་པ་དང་། དཔལ་འབྱོར་ཡོང་འབབ་ངེས་ཅན་ཐོབ་དུ་བཅུག་ཡོད།

ད་སྔར། རེབ་གོང་སྒྱུ་རྩལ་དང་བོད་ལུགས་ས་གདན། རྫ་ཆས་ནག་པོ། དངུལ་ཟངས་ཡོ་ཆས། ཧོར་རིགས་འཚེམ་དྲུབ། རྩེ་ཁོག་ཧོར་གྱི་རྡོ་བརྐོས། ཙོང་ཁའི་འཚེམ་དྲུབ། ཙོང་ཆུའི་གཙགས་དྲུབ། མང་རྫོང་གཙེགས་དྲུབ།ཙོང་ཁའི་ཤིང་བརྐོས་སོགས་རྒྱལ་ཁབ་རིམ་པའི་དང་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རྣམ་གྲངས་སོགས་རིམ་བཞིན་དུ་ཀུང་སི་དང་ཞིང་སྡེའི་ཁྱིམ་ཚང་། རྟེན་གཞི་བཅས་ཀྱི་འཕེལ་རྒྱས་རྣམ་པ་ཆགས་སྟེ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རེབ་གོང་ལྷ་རིས་སྒྱུ་རྩལ་གླིང་དེ་མཚོན་བྱེད་ཡིན་པའི་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་དཔེ་སྟོན་རྟེན་གཞི་ཁག་ཅིག་མངོན་པ་རེད།

རྒྱལ་ཁབ་རིམ་པའི་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་དུ། རྨ་ལྷོའི་དམངས་ཁྲོད་ཟློས་གར་ཚོགས་པར་འཁྲབ་སྟོན་པ500ལྷག་ཡོད་ཅིང་། ལོ་རེར་འཁྲབ་སྟོན་ཐེངས་བརྒྱ་ལྷག་སྤེལ་བཞིན་ཡོད།སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་ཐད་ནུས་པ་བླ་ལྷག་འདོན་བཞིན་ཡོད།

ལོ་ཙཱ་བ། ཀླུ་མོ།