བོད་ལྗོངས་ཀྱིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་མཐའ་འཁྱོལ་བྱས་ཏེ་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་གནད་སྨིན་དབུལ་སྒྲོལ་ལ་རམ་འདེགས་བྱེད་རྒྱུའི་ལས་ཀ་བཀོད་སྒྲིག་གནང་བ།

རི་མོ་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ཞེ་གཞུང་ཤང་ཞེ་སྨད་གྲོང་ཚོའི་དམངས་ཕན་སྔོ་ཚལ་འདེབས་འཛུགས་ཀྱི་ཞིང་འབྲོག་པའི་སྔོ་ཚལ་དྲོད་ཁང་ཆེད་ལས་མཉམ་ལས་ཁང་ནས་ཐོན་པའི་སྔོ་ཚལ་ཡིན།

ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་བླངས་ནས་2020 ལོར་སླེབས་སྐབས་རང་རྒྱལ་གྱིས་ད་ཡོད་ཚད་གཞིའི་འོག་གྲོང་གསེབ་ཀྱི་དབུལ་བྲལ་མངོན་འགྱུར་བྱེད་དགོས་པ་དང་། དབུལ་ཕོངས་རྫོང་ཚང་མས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ནས་ས་ཁོངས་རང་བཞིན་གྱི་ཁྱོན་ཡོངས་དབུལ་ཕོངས་གནད་དོན་ཐག་གཅོད་བྱས་ནས་དབུལ་སྒྲོལ་ངོ་མ་ཐུབ་དགོས་པའི་དུས་མཚུངས་སུ།  བཟོ་ལས་ཅན་གསར་གྲས་ལ་སྐུལ་འདེད་བཏང་སྟེ། བརྡ་འཕྲིན་ཅན་དང་གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་དུས་མཉམ་དུ་འཕེལ་རྒྱས་གཏང་དགོས་ཞེས་བསྟན། བོད་རང་སྐྱོང་ལྗོངས་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་འབྲེལ་གྱི་ས་ཁུལ་དབུལ་པོ་འབའ་ཞིག་ཡིན་པའི་ངོས་ནས་ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཀྱིས་ཁྱད་ལྡན་ཐོན་ཁུངས་བེད་སྤྱོད་དང་། ཁྱད་ལྡན་ཐོན་ལས་ལ་གཞི་བཅོལ་ཏེ་དེང་རབས་ཅན་འགྱུར་འཕེལ་རྒྱས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་ཀྱི་ཁྲོད་དུ་དམིགས་བསལ་ཁྱད་ཆོས་ལྡན་པའི་ཐོན་ལས་ཀྱི་རྣམ་པས་གནད་སྨིན་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། དབུལ་ཕོངས་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་ངང་འཕར་སྣོན་ཡོང་བར་སྐུལ་སྤེལ་བྱས་ནས་ཐོན་ལས་གཅིག་གོང་དུ་སྤེལ་བ་ཡིས་ཡུལ་ཕྱོགས་གཅིག་གི་དཔལ་འབྱོར་ལ་སྐུལ་ཁྲིད་བྱས་ནས་ཡུལ་དེ་མི་དམངས་ཕྱུག་འགྱུར་ངོ་མ་ཡོང་ཐུབ་པ་བྱས།

2017ལོའི་ཟླ10བའི་ནང་དུ། མི་འབོར་ཁྲི་1.7 ཡོད་པའི་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་རྫོང་དབུལ་བོའི་གྲས་ནས་བླངས་ཏེ།  བོད་ལྗོངས་ཀྱི་དབུལ་ཐར་རྫོང་སྐོར་དང་པོའི་ནང་གི་མཐའ་མཚམས་རྫོང་གཅིག་པུར་གྱུར། ས་ཆ་དེ་གའི་དབུལ་དུད་ལོངས་སྤྱོད་ཀྱི་སྲིད་ཇུས་ཁེ་སྤོགས་འབོར་ཆེན་ཡིན་ཡང་ལས་བྱེད་པ་དང་མང་ཚོགས་མང་པོས་སྲིད་ཇུས་ཀྱི་ཁེ་སྤོགས་ཁོ་ནར་བརྟེན་པ་ཙམ་གྱིས་ཕུགས་ཡུན་གྱི་དཔལ་འབྱོར་གནད་དོན་ངོ་མ་དེ་ཐག་གཅོད་དཀའ་བོ་ཡོད་པ་རྟོགས་ཁར།  དབུལ་བོ་ནས་རྦད་དེ་ཐར་དགོས་ན་ངེས་པར་དུ་སོ་སོ་བརྟེན་རྒྱུའི་ཐོན་ལས་ཤིག་དགོས་པའི་བསམ་ཚུལ་བྱུང་། ཚུལ་དེར་དམིགས་ནས་རྫོང་དེས་མ་དངུལ་སྒོར་དུང་ཕྱུར་17 བཏང་སྟེ། ཐོན་ལས་རྟེན་གཞི་ཆེན་པོ་བཅུ་བཙུགས་པ་དང་།  “ ཀུང་སི་དང་། ཐུན་མོང་། ཞིང་འབྲོག་དུད་ཚང་བཅས་ཟུང་འབྲེལ་” བྱེད་པ་དེ་ཐོན་ལས་གཉེར་སྐྱོང་དཔེ་སྟོན་གྱི་གྲས་ཤིག་ཏུ་བརྩིས་པས་ཀུང་སི་དེས་མི་སེར་གྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བཏང་།   ཐོ་འགོད་མ་རྩ་སྒོར་ཁྲི་1500 བཏང་བའི་ཕག་རིའི་འབྲི་གཡག་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་ལ་དཔེ་བཞག་ན། དབུལ་ཕོངས་འབྲོག་པས་ཁྱིམ་གྱི་ནོར་གནག་མ་རྐང་དུ་བཞག་ཆོག་ལ། མ་རྐང་དུ་བཞག་རྗེས་ལོ་སྔོན་མ་3 རིང་འབྲི་གཡག་རེར་ལོ་རེར་སྒོར་650 ཡི་ཁེ་སྤོགས་བགོ་རྒྱུ་ཡོད་པ་མ་ཟད། ཕྱི་མ་ཕྱི་མར་ཁེ་སྤོགས་དེ་དག་ཟམ་མི་ཆད་པར་འཕར་ཐུབ་ཀྱི་ཡོད།  གལ་ཏེ་འབྲོག་པ་འདོད་མོས་ཅན་གྱིས་རང་གི་འགན་གཙང་ལེན་བྱས་པའི་རྩྭ་ར་དང་རྨོ་ཞིང་ཀུང་སིའི་ཕྱུགས་ར་དང་། གཟན་ཆག་རྟེན་གཞིར་བཀོལ་སྤྱོད་དུ་གཡར་ལ། དེ་ལས་ཀྱང་ལོ་ལྟར་ཁེ་སྤོགས་གོང་བཞིན་དུ་བགོ་བཤའ་རྒྱག་རྒྱུ་ཡོད།  གྲོང་མི་པ་སངས་བཀྲ་ཤིས་ཀྱིས་ནོར་གནག6 མ་རྐང་ནང་ཞུགས་ལ། དེས་ཁྱིམ་ཚང་གི་ལོའི་ཡོང་འབབ་ཀྱི་1 / 3 ཟིན་གྱི་ཡོད།

ནག་ཆུ་ས་ཁུལ་མདོག་ཉི་ཁུལ་གྱིས་ཆེད་ལས་དང་དབུལ་དུད་ཟུང་འབྲེལ་གྱི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་ལ་བརྟེན་ནས་སྤུ་ལག་གྲོང་ཚོ་ལྷོ་མ་གྲོང་རྡལ་གྱི་ཞིང་འབྲོག་པའི་མཉམ་ལས་ཁང་བཙུགས།རི་མོ་ནི་རྟ་སྒ་བཟོ་བཞིན་ཡོད་པའི་གྲོང་མི་ཡིན།

བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ནི་ཡར་ཀླུང་གཙང་པོའི་སྨད་རྒྱུད་དུ་ཆགས་ཤིང་། ཡུལ་དེར་ཚ་ཁུལ་ཕལ་བའི་བརླན་གཤེར་ཅན་གྱི་ནམ་ཟླ་ཤོས་ཆེ་པའི་ཁར་ས་དབྱིབས་རི་མ་ཐང་མང་བ་དང་། ཁྱད་ཆོས་ལྡན་པའི་བོད་སྨན་སྨན་རྩྭ་སོགས་འདེབས་འཛུགས་ལས་རིགས་དང་ཇའི་ཡུལ་སྐོར་ལས་རིགས་ལ་ཧ་ཅང་འཚམ་པོ་ཡོད།  ཉེ་བའི་ལོ་ཤས་རིང་མེ་ཏོག་རྫོང་གིས་ཁྱད་ཆོས་ལྡན་པའི་ཐོན་ལས་རོགས་སྐྱོར་ཐད་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་སྟེ།  བདེ་ཞིང་དང་། འབྲས་སྤུངས་ཀྱི་ཤང་གྲོང་5 རུ་སྤྱིའི་གཞི་ཁྱོན་མུའུ་5826 ཟིན་པའི་ཚད་གཞི་མཐོ་ཤོས་ཀྱི་སྐྱེ་ལྡན་ཇ་ཞིང་21 དང་བསྐྲུན།  2016 ལོར་ཐོན་ལས་རྣམ་གྲངས་28 ལག་བསྟར་བྱས་པ་དང་།  2017 ལོའི་ཐོན་ལས་རྣམ་གྲངས་45 འཆར་གཞི་ནང་བཞིན་ལག་བསྟར་བྱས། ད་ཆ་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་བའི་ནང་ཞིང་འབྲོག་པ་དེ་བས་མང་པོར་ཡོང་འབབ་ཅུང་ལེགས་ཙམ་རག་ཐུབ་ཡོད། མིག་སྔའི་བར་ཁྱད་ཆོས་ལྡན་པའི་ཐོན་ལས་ཀྱིས་དུད་ཚང་1155 ཡི་མི5079ཡི་ཡོང་འབབ་འཕར་སྣོན་ལ་སྣེ་འཁྲིད་དེ། དུད་ཚང་དབུལ་པོ140ཡིི་མི 541 ལ་ཕན་པ་ཐོབ་པ་རེད།

རི་མོ་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ས་གཙང་བའི་ཚད་གཞི་མཐོ་ཤོས་ཀྱི་རིག་ནུས་དྲོད་ཁང་གི་སྡོང་དབྱིབས་རྣམ་པའི་གསོ་སྐྱོང་བྱེད་སྟངས་རེད།

བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གིས་གནད་སྨིན་དབུལ་སྐྱོར་ལས་དོན་ཁྲོད་དུ་དབུལ་སྐྱོར་གནད་ལ་འཕིགས་ཤིང་ཡུལ་བབས་དང་བསྟུན་པ། ཐོན་ཁུངས་ཀྱི་ལེགས་ཆ་མངོན་པར་དོད་པ། ཁྱད་ཆོས་ལྡན་པའི་ཁེ་ལས་གོང་སྤེལ་ཤུགས་ཆེན་པོ་རྒྱག་པ་བཅས་བྱས་ཏེ། ཁྱད་ལྡན་ཐོན་རྫས་དང་། བོད་སྨན་ཐོན་རྫས། དམངས་སྲོལ་ཐོན་རྫས།  ཞིང་ལས་ཐོན་རྫས། ལག་ཤེས་བཟོ་ལས་བཅས་མཉམ་འབྲེལ་གྱི་ཐོན་ལས་མཉམ་སྤེལ་ལམ་བུ་བཏོད། ལས་བྱེད་པ་དང་མང་ཚོགས་ཀྱིས་ཕྱར་བ་གྲུ་འདེགས་ཀྱིས་ཐོན་ལས་ལ་དམ་འཛིན་དང་། དབུལ་སྒྲོལ་ལ་སྐུལ་འདེད་བཏང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་ནས་བཟུང་། སྐྱ་འབེལ་ཤང་ཐོན་ལས་གླིང་ཁུལ་གྲབས་འཛུགས་ཧུར་ཐག་བྱས།  གླིང་ཁུལ་དེ་བསྐྲུན་རྗེས་ཤང་ཡོངས་ཀྱི་ཁྱད་ལྡན་ཐོན་ལས་ནང་འདྲེན་དང་། ཐོན་ལས་འབྲེལ་ཐག་འཕེལ་རྒྱས་སུ་བཏང་ནས་ཤང་དེ་ཡོངས་ཀྱི་གྲོང་ཚོ་8 དང་དུད་ཚང་160 ལྷག་ཙམ་གྱི་མི720ཡི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་ནུས་ལྡན་བྱས།   དེ་དང་དུས་མཚུངས་སུ“ ཀུང་སི་དང་། མཉམ་ལས་ཁང་། རྟེན་གཞི། ཞིང་དུད་” བཅས་ཀྱི་གཉེར་སྐྱོང་བྱེད་སྟངས་ལ་བརྟེན་ནས་འབོ་ལོ་གྲོང་རྡལ་བདེ་སྐྱིད་གྲོང་ཚོའི་གྲམ་ཐང་མུའུ་151ཡི་སྟེང་དུ་མ་དངུལ་སྒོར་ཁྲི་4200 ཟིན་པའི་སྟོད་མའི་ལུག་རྒྱགས་གསོ་རྟེན་གཞི་འཛུགས་སྐྲུན་བྱས། ད་ཆ་ངག་དབང་ལུག་ཐོན་ལས་མ་ལག་གཞི་རྩའི་ཐོག་གྲུབ་ཟིན་པའི་མ་ཟད།  ངག་དབང་ལུག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་སོགས་མཉམ་ལས་ཁང་4བཙུགས་ནས་ཐེམ་དུད་300 ལྷག་ཙམ་བསྡུ་ལེན་བྱས་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་ལམ་དུ་འཁྲིད།  ཐོན་ལས་གསར་བ་གོང་སྤེལ་ལ་སྐུལ་འདེད་གཏོང་བའི་ཐད་ནས་གོ་འཇོ་རྫོང་ལུས་གསོ་རྡོ་ཁོག་ནང་འདྲེན་གྱི་བཟོ་སྐྲུན་ལག་རྩལ་དང་། ཁམས་པའི་རྡོ་ཁོག་གི་སྤུས་རྟགས་བཅས་གཏོད་པས།  དུད་ཚང་དབུལ་བོ་ལས་ཞུགས་ལ་སྐུལ་ཁྲིད་ནུས་ལྡན་བྱས་པ་མ་ཟད། གོ་འཇོ་རྫོང་གི་སྲོལ་རྒྱུན་ཐོན་ལས་དེ་བཟོ་ལས་ཅན་དུ་འགྱུར་བའི་ཐོན་ལས་འཕེལ་ཕྱོགས་ཀྱི་ལམ་དུ་སྒྱུར་ནས་རིམ་སྤོར་བྱས་པར་ཡུལ་དེའི་དུད་ཚང་དབུལ་བོའི་སློབ་སྦྱོང་དང་ལས་ཞུགས་ལ་སྐུལ་ཁྲིད་བྱས། དེང་སྐབས་རྡོ་ཁོག་བཟོ་གྲྭའི་ལོ་ཧྲིལ་བོའི་ཐོན་སྐྱེད་རིན་ཐང་སྒོར་ཁྲི་5000 ཟིན། ཀུང་སིས་ད་ལྟ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལས་ཐོན་ལས་གོང་སྤེལ་སྐོར་གྱི་བླང་བྱ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་གཞི་ཁྱོན་ཅན་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ་དང་།  དྲ་ཐོག་ཏུ་ཐད་ཚོང་འཕྲིན་སྟེགས་དང་། ལྗོངས་ཕྱི་ནང་དུ་ཕྱིར་ཚོང་ས་ཚིགས་བཙུགས་ནས་ཕྱིན་ཆད་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་རྣམས་བསམ་དོན་བཞིན་དུ་དབུལ་སྒྲོལ་དང་། རྒྱུན་མཐུད་དབུལ་སྒྲོལ་ཐུབ་པར་རྨང་གཞི་འདིང་བ་རེད།

ཐོན་ལས་དབུལ་སྐྱོར་ནི་དབུལ་སྐྱོར་གྱི་རྩ་བ་ཡིན་ལ།  དབུལ་སྐྱོར་གསར་གཏོད་བྱེད་སྟངས་ཀྱི་བྱེད་ཐབས་གལ་ཆེན་དང་། “ གཞན་བརྟེན་རྣམ་པ” ནས་“ རང་བརྟེན་རྣམ་པར་” བསྒྱུར་བའི་ཐབས་ལམ་གལ་ཆེན་ཞིག་ཡིན།  ཐོན་ལས་ཀྱི་འདེགས་སྐྱོར་མེད་པའི་དབུལ་སྐྱོར་ནི་ཆུ་མེད་ཀྱི་ཁུངས་དང་། རྩ་བ་མེད་པའི་ཤིང་སྡོང་ལྟ་བུ་ཡིན།  བོད་རང་སྐྱོང་ལྗོངས་ཀྱིས་“ ཐོན་ལས་སྔོན་སྐྱོད་” ལ་མཐོང་ཆེན་བྱས་ཏེ། ཐོན་ལས་ཉིད་དབུལ་སྒྲོལ་འགག་གཏོར་གྱི“ སྒུལ་ཤུགས་གཙོ་བོ་དང་། སྣེ་འཁྲིད་གཙོ་བོར་བཟུང་ནས་དབུལ་སྒྲོལ་འགག་གཏོར་གྱི་འཁོར་རྒྱུག་བཟང་པོ་ཆགས་པར་སྐུལ་འཁྲིད་བྱས། ད་ཆ་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་ཕྱོགས་ཧ་ཅང་ཤུགས་དྲག་ན་ཡང་དེ་ནི་བོད་ལྗོངས་ཀྱི་དབུལ་སྒྲོལ་བཀོད་སྒྲིག་གི་བསྡུས་གཟུགས་ཙམ་ཡིན་པས།  ཡུལ་གཞན་དུ་གནས་སྤོའི་དབུལ་སྐྱོར་དང་། སྣོད་བཅུད་དབུལ་སྒྲོལ། དངུལ་རྩའི་དབུལ་སྐྱོར། སློབ་གསོའི་དབུལ་སྐྱོར། གློག་རྡུལ་ཚོང་དོན་གྱི་དབུལ་སྐྱོར་སོགས་གཙོ་གནད་དབུལ་སྐྱོར་གྱི་བྱ་ཐབས་གཞན་དག་དང་ཟུང་དུ་སྦྲེལ་ནས་བོད་ལྗོངས་ཀྱི་མི་མང་པོ་ཞིག་འབྱོར་འབྲིང་གི་ལམ་ཆེན་དུ་བསྐྱོད་སྒང་རེད།

ལོ་ཙཱ་བ། ཁོན་ཐར་འཚོ།