མཚོ་སྔོན་གྱིས་དབུལ་ཐར་འགག་སྒྲོལ་ཐད་ནས་གྲུབ་འབྲས་ཡག་པོ་བླངས་ཡོད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ༧པའི་ནང་དུ། རྨ་ལྷོ་སོག་རྫོང་དང་། མཚོ་ལྷོའི་འབའ་རྫོང་། མཚོ་ནུབ་གཏེར་ལམ་བཅས་རྫོང་གསུམ་ལ་རྒྱལ་ཁབ་ཀྱི་ཕྱོགས་གསུམ་པས་ལོ་རྒྱུས་ཐོག་ཆེས་གཟབ་ནན་གྱི་དཔྱད་ཞིབ་རྩིས་ལེན་བྱས་ཏེ་དབུལ་བོའི་ཞྭ་མོ་གཞི་ནས་ཕུད་ཡོད་པ་ཐག་གིས་བཅད་ཅིང་། རྒྱལ་ཡོངས་ཀྱི་དབུལ་ཞྭ་ཕུད་པའི་རྫོང་༢༨ལས་དབུལ་ཐར་གྱི་ཚད་གཞི་མཐོ་ཤོས་སུ་ཆགས་པའི་གྲས་སུ་ཚུད།གཞན་རྫོང་དབུལ་བོ་བདུན་གྱི་དབུལ་ཞྭ་ཕུད་པ་དང་། ཞིང་སྡེ་དབུལ་བོ༥༠༠དབུལ་ཐར་ཐུབ་པ།  དབུལ་བོ་མི་འབོར་ཁྲི༡༥དབུལ་སྒྲོལ་ཡོང་བའི་ལོ་ཧྲིལ་བོའི་དམིགས་འབེན་འོས་འགན་བདེ་བླག་ངང་ལམ་ལྷུང་འབྱུང་རེ་ཡོད།  ལོ་གསུམ་གྱི་སྔ་རོལ་ཏུ་དབུལ་བོ་མི་འབོར་ཁྲི༢༦.༤༣ལ་ཐོན་ལས་ཀྱི་རོགས་སྐྱོར་ལག་བསྟར་བྱས་ནས་དེ་འདོད་མོས་དང་ནུས་པ་ཡོད་པའི་དབུལ་བོ་མི་འབོར་ཁྲི༤༢.༦༣ཡོངས་ལ་ཁེབས་པ་མངོན་འགྱུར་དང་། རྫོང་དབུལ་བོ༡༤ཡི་དབུལ་སྐྱོར་ཐོན་ལས་གླིང་དང་། ཞིང་སྡེའི་ཡུལ་སྐོར་རྣམ་གྲངས༥༢ཁྱོན་ཡོངས་ལས་འགོ་བརྩམ་རྒྱུ་སོགས་མང་པོ་ཞིག་སྲིད་ཇུས་དང་མ་དངུལ། མི་ཤུགས་བཅས་ཀྱི་ཐུན་མོང་སྟོབས་ཤུགས་འོག་ཏུ།  མཚོ་སྔོན་གྱི་དབུལ་སྒྲོལ་འགག་གཏོར་དེ་དྲོད་འཇམ་གྱི་ཉི་ཟེར་ཀློང་ནས་ལོ་གཅིག་ཕར་བསྐྱལ་བ་དང་།  དཀའ་ངལ་ཁྱད་བསད་ཀྱི་ཁྲོད་དུ་འབྲས་བུ་ཡག་པོ་ཞིག་བླངས།

༢༠༡༧ལོ་ནི་དབུལ་སྒྲོལ་འགག་གཏོར་གོང་འོག་དམ་འབྲེལ་བྱས་ནས་ཁྱོན་ཡོངས་སུ་གཏང་ཟབ་སྤེལ་བའི་གནད་འགག་གི་ལོ་ཞིག་ཡིན་ལ།  ཞིང་ཆེན་ཡོངས་ཀྱིས་དཀའ་བ་གདོང་གིས་བསུས་ཤིང་ལྕི་འགན་ཁག་ཏུ་བཞེས་ནས་མདུན་དུ་བསྐྱོད་པའི་ལོ་ཞིག་ཀྱང་ཡིན། ལོ་གཅིག་ཚུན་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཀུན་གྱིས་བསྒྱུར་བ་བཞི་ལག་བསྟར་དོན་འཁྱོལ་དང་ཏན་ཏིག་བཞིའི་བླང་བྱ་གལ་ཆེན་གཞིར་བཟུང་སྟེ། སེམས་ཞིབ་མོས་ཇུས་འགོད་དང་། སྟོབས་ཤུགས་གནད་ལ་ཕྱོགས་པ་བཏོན་ནས་རིམ་ཁག་འགོ་ཁྲིད་ལས་བྱེད་ཀྱི་འབྲེལ་གནས་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཤིང་། ཞིང་ཆེན་རིམ་པའི་ལས་བྱེད་ཀྱིས་དབུལ་སྒྲོལ་འགག་གཏོར་གྱི་འཐབ་སར་ལྟ་སྐུལ་ཞིབ་བཤེར་གྱི་གཡུལ་བཤམས་པ་དང་།  ཞིང་ཆེན་རིམ་པའི་ལས་བྱེད༣༩ཡིས་སོ་སོའི་འབྲེལ་གནས་རྫོང་དུ་བསྐྱོད་དེ།  དབུལ་སྒྲོལ་འགག་གཏོར་གྱི་འོས་འགན་ལམ་ལུགས་ལག་བསྟར་ཞིབ་ཕྲ་དང་རིམ་པ་ལྔ་ཅན་གྱི་ཧྲུའུ་ཅིས་དབུལ་སྐྱོར་ལས་དོན་དམ་འཛིན་བྱེད་པའི་ལས་ཀའི་ལམ་ལུགས་ལག་བསྟར་ནན་མོ་བྱས། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁྲི་དང་། འགོ་བ་དང་པོའི་འོས་འགན་དང་པོ། ལས་བགོས་དོ་དམ་འགོ་ཁྲིད་ཀྱི་དྲང་ཐད་ཀྱི་འོས་འགན་སོགས་ལག་བསྟར་མངོན་གསལ་ཡོང་བ་བྱས་པ་བཅས་ཁ་ཆད་མཉམ་གྲོས་དང་འགན་འཁྲི་བདའ་འདེད་ཀྱི་ལམ་ལུགས་གཟབ་ནན་བཙུགས་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དེ་རྩ་བ་ཚུགས་ཤིང་ཡལ་འདབ་རྒྱས་པར་སྐུལ་སྤེལ་བྱས།

ཞིང་ཆེན་ཡོངས་ནས་སྔ་གཞུག་ཏུ་དབུལ་སྐྱོར་མ་སྒོར་དུང་ཕྱུར༡༠༥བཏང་བའི་ནང་དུ།  ལོ་ཧྲིལ་བོའི་དམིགས་འབེན་གྱི་བརྒྱ་ཆའི་༡༠༥ལེགས་འགྲུབ་བྱུང་ཡོད་པ་དང་། དེ་ནི་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་༤༢.༩འཕར་ཡོད་པ་རེད།  རིམ་པ་ཁག་གི་སྒྲིག་བཤེར་སྡེ་ཚན་གྱིས་དབུལ་སྐྱོང་ཁྱབ་ཁོངས་ནས་གྱོད་ཉེས༥༡། ཁུངས་གནས་ཅན་གྱི་གནད་དོན༥༤༦ཐག་བཅད་པ་དང་།  ཉེས་ཅན་༣༠༦ལ་ཏང་གི་སྒྲིག་ཁྲིམས་སྲིད་ཁྲིམས་ཀྱིས་ཆད་པ་དང་རྩ་འཛུགས་ཀྱིས་ཐག་གཅོད་བྱས།  སྐོར་ཐེངས་གཅིག་ཅན་བརྒྱད་དང་། དབུལ་སྒྲོལ་འགག་གཏོར་གྱི་ལས་གཞི་གཙོ་གནད་བཅུ་སོགས་རྣམ་གྲངས་གལ་ཆེན་དང་། ལས་གཞི་གལ་ཆེན་རབ་དང་རིམ་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བའི་བབ་དང་བསྟུན་ནས་ད་ལོར་དབུལ་བོ་མི་འབོར་ཁྲི༡༥དབུལ་བོ་ཐར་ཐུབ་ཀྱི་ཡོད།

ད་ལོའི་ཟླ༤བའི་ཚེས༢༠ཉིན་ནས་བཟུང་སྟེ། ཞིང་ཆེན་ཡོངས་ཀྱིས་ལས་བྱེད་པ་ཁྲི༣ལྷག་སྒྲིག་འཛུགས་བྱས་ཏེ། ཟླ་བ་བཞིའི་རིང་ལ་གནད་འཁེལ་ཡང་དག་ཡིན་མིན་ལ་ཕྱིར་ལྟ་བྱས་པ་དང་། གནད་ལ་འཁེལ་མེད་ཅིང་། དབུལ་བོ་ལས་ཐར་ཡོད་ཀྱང་དབུལ་ཐར་གྱི་རོགས་སྐྱོར་ལོངས་སུ་སྤྱོད་མཁན་མི་ཁྲི༣.༨༣ཕྱིར་དབྱུང་བ་དང་། དབུལ་བོ་ཡིན་ཡང་དབུལ་ཐར་གྱི་རོགས་སྐྱོར་ལོངས་སུ་སྤྱད་ཐུབ་མེད་པའི་མི་ཁྲི༡ཡང་བསྐྱར་དབུལ་སྐྱོར་གྱི་མིང་བྱང་དུ་བཅུག་ནས་རྒྱལ་ཡོངས་ཀྱི་ཟླ་བ་གཉིས་རིང་གི་གནས་ཚུལ་སྙོམས་སྒྲིག་འོས་འགན་སྔ་མོ་ནས་ལེགས་འགྲུབ་བྱས། 

ལོ་ཙཱ་བ། ཁོན་ཐར་འཚོ།