ཀྲུང་དབྱང་ཁོར་སྲུང་ལྟ་བཤེར་ཚན་ཆུང་ཐེངས་བདུན་པས་མཚོ་སྔོན་གྱི་ལྟ་བཤེར་གནས་ཚུལ་ལ་ཕྱིར་ལན་བསྐྱོན་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོར་སྲུང་ལྟ་བཤེར་ཐད་ཀྱི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་ལེན་དོན་འཁྱོལ་བྱ་ཆེད།  2017ལོའི་ཟླ8པའི་ཚེས8ཉིན་ནས་ཟླ9བའི་ཚེས8ཉིན་བར། ཀྲུང་དབྱང་ཁོར་སྲུང་ལྟ་བཤེར་ཚན་ཆུང་ཐེངས་བདུན་པས་མཚོ་སྔོན་ཞིང་ཆེན་གྱི་ཁོར་ཡུག་སྲུང་སྐྱོབ་བྱ་བར་ལྟ་བཤེར་བྱས་པ་མ་ཟད་ལྟ་བཤེར་བསམ་འཆར་བཏོན།     ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཁོར་སྲུང་ལྟ་བཤེར་ཚན་ཆུང་གིས2017ལོའི་ཟླ12པའི་ཚེས24ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་ལ་ཕྱིར་ལན་བསྐྱོན་པ་རེད། ཕྱིར་ལན་བསྐྱོན་པའི་གྲོས་ཚོགས་སྟེང་ཧྲིན་ཀྲང་ཝང་ཅན་ཅོན་གྱིས་མགོ་འཛིན་མཛད་པ་དང་ཚོགས་གཙོ་དབྱང་ཟོང་གིས་ལྟ་བཤེར་བསམ་འཆར་ཁྱབ་བསྒྲགས་བྱས།  ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་གཏམ་བཤད་གནང་།   ཚོགས་གཙོ་གཞོན་པ་ཧྭང་རོའུ་ཆིག་དང་ལྟ་ཞིབ་ཚན་ཆུང་གི་འབྲེལ་ཡོད་མི་སྣ།  མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་ལས་བྱེད་པ་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ་སོགས་གྲོས་ཚོགས་ལ་ཞུགས།

ལྟ་བཤེར་ཚན་ཆུང་གིས་བཤད་རྒྱུར།   2013ལོའི་ཚུན་ལ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི“ཏན་ཏིག་བཞི”མཛུབ་སྟོན་གལ་ཆེན་ཡིད་ལ་དམ་པོར་བཟུང་སྟེ།   རྒྱལ་ཁབ་ཀྱི་གལ་ཆེའི་སྐྱེ་ཁམས་བདེ་འཇགས་འགོག་ཡོལ་ཧུར་བརྩོན་གྱིས་སྲ་བརྟན་དུ་བཏང་སྟེ་སྐྱེ་ཁམས་ཁོར་སྲུང་བྱ་བར་འཕེལ་རྒྱས་ཀྱི་གྲུབ་འབྲས་བླངས།   མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་མགོ་ཁྲིད་ཚན་ཆུང་ལ“སྐྱེ་ཁམས་ཁོར་སྲུང་སྔོན་ཐོན་ཁུལ་དང་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་སྔོན་ཐོན་ཁུལ།  ལམ་ལུགས་འཛུགས་སྐྲུན་བཅོས་བསྒྱུར་ཚོད་ལྟ་ཁུལ”འཛུགས་སྐྲུན་བྱེད་པའི་འཐབ་ཇུས་དམིགས་འབེན་གསལ་བོར་བྱས་པ་དང་།    སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐུལ་འདེད་སྲོལ་ཡིག་དང་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་སྐྲུན་གྱི་སྤྱིའི་ཇུས་གཞི་དང་ལག་བསྟར་བསམ་འཆར་སོགས་ཀྱི་ཡིག་ཆ་སྒྲིག་བཟོ་བྱས་ནས་ཕྱིར་བཏོན་ཏེ།    སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་མ་ལག་ཐོར་མར་བཙུགས་པ་རེད་ཟེར།  

 གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟ་ཁུལ་ཤུགས་ཆེན་པོས་སྐུལ་འདེད་བྱས་ཏེ།    གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་བཙུགས་ནས་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་དང་རྒྱལ་སའི་བར་སྟོང་གི་སྤྱོད་ཡུལ་བཀག་སྡོམ་ལམ་ལུགས“གཅིག་གྱུར་གྱི་ལག་ལེན་གཉིས”མངོན་འགྱུར་བྱས།     ལྟ་ཞིབ་དོ་དམ་ཁྲིམས་ལག་བསྟར་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་བཅོས་བསྒྱུར་ཚོད་ལྟ་ཁུལ་ལ་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་ཐོན།       གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཨར་ལས་གཟབ་ནན་གྱིས་སྐུལ་འདེད་བྱས་ཏེ།  ལག་བསྟར་རྒྱ་ཁྱོན་ཞིང་ཆེན་ཡོངས་ཀྱི་རྒྱལ་སའི་ཕྱེད་ཀ་ཡན་ཟིན་པའི་ཨ་ཆེན་གངས་རྒྱབ་འཛམ་གླིང་གི་རང་བྱུང་ཤུལ་བཞག་རིག་དངོས་ཁྲོད་སྙན་ཞུ་བྱས་པར་རྒྱལ་ཁ་བླངས། མུའུ་ལིས་གཏེར་ཁུལ་དང་མདོ་ལ་རི་བོའི་ས་ཁུལ་གྱི་སྐྱེ་ཁམས་ཁོར་སྲུང་བཅོས་སྐྱོང་བྱ་བ་སྤེལ་ཏེ་ཁྲིམས་འགལ་གྱིས་གཏེར་ཁོངས་སྔོག་འདོན་བྱེད་པའི་བྱ་འགུལ་རྩ་བ་ནས་མེད་པར་བཏང་། སྐྱེ་ཁམས་སླར་གསོ་བྱ་བ་ཤུགས་ཆེན་སྤེལ་ཏེ་གཏེར་ཁོངས་ཀྱི་སྐྱེ་དངོས་སླར་གསོ་ལེགས་བསྒྱུར་བྱུང་བའི་རྒྱ་ཁྱོན་སྨི་རྒྱ་དཔང་གྲུ་བཞི་མ33.5ཡོད།    རྒྱལ་སའི་ལྗང་བསྒྱུར་གྱི་ཤུགས་ཚད་མུ་མཐུད་དུ་ཆེ་རུ་བཏང་སྟེ་ནགས་ཚལ་གྱི་ཁེབས་ཚད2012ལོའི5.23%ནས2016ལོར6.3%ཇེ་མཐོར་སོང་ཡོད་ལ2017ལོའི་སྡོང་འཛུགས་ནགས་སྐྲུན་གྱི་རྒྱུ་ཁྱོན་ས་མུའུ་ཁྲི400ལ་སླེབས་ཡོད།

  ལྟ་བཤེར་ཚན་ཆུང་གིས་བསྟན་དོན།   མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡིག་ཧ་ཅང་ཉམས་ཞན་ཡིན་ལ་དུས་མཚུངས་སུ་རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ་ཡིན་པས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་ཀྱི་གནས་བབས་གལ་ཆེན་ཟིན་ཡོད།  ཉེ་བའི་ལོ་འདི་འགར་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་སྲུང་བྱ་བར་འཕེལ་རྒྱས་བྱུང་ཡོད་ནའང་ད་རུང་ས་ཁོངས་ཁ་ཤས་ན་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་སྔར་བཞིན་ཡོད་པ་རེད་ཟེར།  

མཚོ་སྔོན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བསམ་བློ་གཏིང་ཟབ་ཀྱིས་ལག་ལེན་དོན་འཁྱོལ་དང་།   ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཁོར་སྲུང་བྱ་བ་ཇེ་དྲག་ཏུ་གཏོང་བའི་ཐད་ཀྱི་ཇུས་ཆོད་བཀོད་སྒྲིག་གཟབ་ནན་གྱིས་དོན་འཁྱོལ་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ལེན་དགོས་ཟེར།  སྐྱེ་ཁམས་བདེ་འཇགས་འགོག་ཡོལ་འཛུགས་སྐྲུན་ཇེ་དྲག་དང་ལྗང་མདོག་འཕེལ་རྒྱས་འདུ་ཤེས་སྲ་བརྟན་གྱིས་བཙུགས་ཏེ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་བ་ཤུགས་ཆེན་པོས་བསྒྲབས་ནས།  མདོ་ལའི་རང་བྱུང་སྲུང་སྐྱོབ་ཁུལ་དང་མུའུ་ལིས་གཏེར་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱ་བ་མུ་མཐུད་དུ་སྐུལ་འདེད་བྱེད་དགོས།   མཚོ་སྔོན་པོ་སོགས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དོ་དམ་སྲུང་སྐྱོབ་སྒྲིག་གཞི་མཐུན་འགྲིག་བྱས་ཏེ་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་བསྐྱར་གསོ་ལ་སྐུལ་འདེད་བྱེད་དགོས།  སྦགས་བཙོག་འགོག་བཅོས་འགག་སྒྲོལ་འཐབ་ཇུས་ལེགས་པོར་བསྒྲུབ་ཏེ་མཁའ་དབུགས་དང་ཆུ།  ས་རྒྱུ་སྦགས་བཙོག་འགོག་བཅོས་ལས་འགུལ་འཆར་གཞི་གཏིང་ཟབ་ཀྱིས་ལག་བསྟར་བྱས་ཏེ་བཟོ་ལས་གླིང་ཁུལ་གལ་ཆེན་གྱི་ཐོན་ལས་གྲུབ་ཚུལ་ལེགས་བསྒྱུར་ལ་སྔར་ལས་སྐུལ་འདེད་བྱེད་དགོས།  ཁྲིམས་ལྟར་འགན་འཁྲི་བདའ་འདེད་བྱས་ཏེ་ལྟ་བཤེར་ཁྲོད་རྙེད་པའི་གནད་དོན་ལ་འགན་ཁུར་ཡོད་པའི་འབྲེལ་ཡོད་ལས་ཁུངས་ཀྱིས་སྔར་ལས་གཏིང་ཟབ་ཀྱིས་རྟོག་ཞིབ་བྱས་ཏེ། རེ་རེ་བཞིན་འགན་འཁྲི་གསལ་འབྱེད་དང་འབྲེལ་ཡོད་གཏན་འབེབས་ལྟར་ཐག་གཅོད་བྱེད་དགོས་ཟེར།  

ལྟ་བཤེར་ཚན་ཆུང་གིས་ནན་གྱིས་བསྟན་དོན།མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་《ཁོར་སྲུང་ལྟ་བཤེར་ཇུས་གཞི(ཚོད་ལྟ)》བླང་བྱ་གཞིར་བཟུང་སྟེ།   དག་ཐེར་ཇུས་གཞི་དུས་ཚོད་དམ་འཛིན་གྱིས་ཞིབ་འཇུག་སྒྲིག་བཟོ་བྱས་ཏེ་ཉིན30ནང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྤྲོད་དགོས་ཟེར། དག་ཐེར་ཇུས་གཞི་དང་དག་ཐེར་དོན་འཁྱོལ་གནས་ཚུལ་འབྲེལ་ཡོད་གཏན་འབེབས་ལྟར་དུས་ལྟར་སྤྱི་ཚོགས་ཡོངས་ལ་སྤྱི་བསྒྲགས་བྱེད་དགོས་ཟེར།  

ལྟ་བཤེར་ཚན་ཆུང་གིས་རྙེད་པའི་གནད་དོན་གྱི་ཁུངས་སྣེ་དག་སྒྲིག་བྱས་ཏེའབྲེལ་ཡོད་གཏན་འབེབས་ལྟར་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་ལ་བརྒྱུད་སྤྲོད་བྱེད་ངེས་ཡིན་ཟེར།  

ལོ་ཙཱ་བ། ལྷ་ཆེན་རྒྱལ།