མཚོ་སྔོན་ཞིང་ཆེན་གྱིས་ཕུལ་བྱུང་ན་གཞོན་ལས་བྱེད་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བྱེད་པར་འདེམས་གཏོང་བྱས་པ།

མི་དམངས་དྲ་བའི་འཕྲིན། གསར་འགོད་པར་མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་གྱིས་གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”སུ་སྐབས་བརྗེའི་ལས་དོན་སྤེལ་བའི་གོ་སྐབས་དམ་འཛིན་བྱས་ཏེ་རྫོང་དང་ཤང་གི་ལས་ཁུངས་དང་བྱ་གཞག་ཚན་པ་ནས་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། དམིགས་ཡུལ་གྱི་འདུ་ཤེས་ཟབ་པ། སྤྱོད་ཚུལ་ལེགས་པ། གཟུགས་པོ་ཐང་བ། འཕེལ་རྒྱས་གཏོང་བའི་འཇོན་ཐང་ལྡན་པ། གསོ་སྐྱོང་གི་རེ་བ་ལྡན་པ་བཅས་ཀྱི་ཕུལ་བྱུང་ན་གཞོན་ལས་བྱེད་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བྱེད་པར་འདེམས་གཏོང་བྱས་པར་བརྟེན། གཅིག་ནས་ལས་བྱེད་པའི་གསོ་སྦྱོང་སྦྱོང་བརྡར་བྱེད་ཐབས་གསར་གཏོད་ཐུབ་པ་དང་གཉིས་ནས་གྲོང་ཚོ་མི་ཉུང་བ་ཞིག་ཏུ་འོས་ཤིང་འཚམ་པའི་ཏང་ཀྲི་པུའི་ཧྲུའུ་ཅི་མེད་པའི་གནད་དོན་དངོས་ཐག་གཅོད་ཐུབ་པའི་ཁར། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་ལ་བྱང་ཚད་མཐོ་བའི་ལས་བྱེད་པ་འདེམས་བསྐོ་བྱས་ནས་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ཡག་པོ་བསྒྲུབ་ཆེད་རྨང་གཞི་བརྟན་པོ་འདིང་ཐུབ་པ་བྱུང་ཡོད།

མཚོ་སྔོན་དུ་མི་རིགས་མང་བ་དང་ཆོས་ལུགས་མང་བའི་གནད་དོན་ལ་དམིགས་ནས། གང་འདྲ་བྱས་ཏེ་མི་རིགས་མི་འདྲ་བ་དང་དད་པ་མི་འདྲ་བའི་མང་ཚོགས་ཏང་གི་མཐའ་འཁོར་དུ་རྡོག་རྩ་སྒྲིལ་ཏེ་མང་ཚོགས་ཀྱི་བསམ་བློ་དང་སེམས་ནུས་ངལ་རྩོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུའི་ཐོག་གཅིག་སྡུད་བྱེད་པའི་ཐད་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཧ་ཅང་གལ་འགངས་ཆེ་བའི་འགན་འཁྲི་འཁུར་ཡོད། གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་འདེམས་བསྐོའི་ནང་མཚོ་སྔོན་ཞིང་ཨུད་ཀྱིས་གཞི་རིམ་རྩ་འཛུགས་དེ་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། འགལ་ཟླ་སེལ་ཐུབ་མཁན་བཅས་ཀྱི་སྟོབས་དང་ལྡན་པའི་དམག་འཐབ་མཁར་རྫོང་ལ་བསྐྲུན་ནས་གཞི་རིམ་ཏང་ཡོན་ལས་བྱེད་པའི་བསམ་བློའི་ཁྲིད་སྟོན་ནུས་པ་དང་མང་ཚོགས་སྒྲིག་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་ཏང་གི་སྲིད་འཛིན་རྩ་བ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད། ཞིང་ཨུད་རྩ་འཛུགས་པུས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་སྐབས་བརྗེའི་གྲ་སྒྲིག་དུས་མཚམས་སུ་འཇོན་ཐང་ལྡན་པའི་ལས་བྱེད་པ་འཐེན་ནས་རེས་སྐོར་དང་པོའི་བརྟག་ཞིབ་གཏིང་ཟབ་དང་རེས་སྐོར་གཉིས་པའི་ཕྱོགས་ཡོངས་ལ་ཁྱབ་པའི་ལྟ་སྐུལ་སློབ་སྟོན་བྱས་ཏེ་རིམ་ཁག་རྩ་འཛུགས་སྡེ་ཚན་དང་ཤང་གྲོང་ཏང་ཨུད་ཀྱིས་གནད་སྨིན་རིགས་དབྱེ་དང་སྒུལ་རྣམ་དོ་དམ་མཐའ་འཁྱོངས་བྱ་རྒྱུར་མཛུབ་ཁྲིད་བྱས་པ་དང་འབྲེལ་འོས་ཤིང་འཚམ་པའི་ཏང་ཀྲི་པུའི་ཧྲུའུ་ཅི་མེད་པའམ་ཡང་ན་འོས་སྒུག་མི་སྣའི་ནུས་པ་དང་བྱང་ཚད་ཞན་པ་དང་འགན་འཁྲི་འཁུར་མི་ཐུབ་པའི་གྲོང་ཚོ་དང་། འགལ་ཟླ་དང་རྩོད་གཞི་མང་བ། ཆོས་ལུགས་ཀྱི་ཤུགས་རྐྱེན་ཚབས་ཆེ་བ་བཅས་ཀྱི་གྲོང་ཚོ་27ལ་མཐིལ་རྟོགས་གཏིང་ཟབ་བྱས་པ་རེད། མངོན་གསལ་དོད་པའི་གནད་དོན་དེར་དམིགས་ནས་ཞིང་ཨུད་རྩ་འཛུགས་པུས་ཕུལ་བྱུང་ན་གཞོན་ལས་བྱེད་པ་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་བྱེད་པར་འདེམས་གཏོང་བྱ་རྒྱུ་དེ“ཨུ་ལྷན་གཉིས”ཀྱི་འགོ་ཁྲིད་ཚན་ཁག་གི་འཐབ་ནུས་ཆེ་རུ་གཏོང་བའི་བྱེད་ཐབས་ལ་བརྩིས་པ་དང་འབྲེལ་ཐོག་མཐའ་བར་གསུམ་དུ་མི་འདེམས་ཀྱི་ཚད་གཞི་མཐའ་འཁྱོངས་བྱ་རྒྱུ་དེར་ལྷོད་གཡེང་སྤུ་ཙམ་ཡང་བཏང་མེད།

ཤེས་རྟོགས་བྱུང་བར་གཞིགས་ན། རིམ་ཁག་རྩ་འཛུགས་སྡེ་ཚན་གྱིས་རྩ་འཛུགས་ཀྱི་འོས་སྦྱོར་དང་སྒེར་གྱིས་མིང་ཐོ་འགོད་པའི་བྱེད་ཐབས་སྤྱད་ནས་འོས་ཤིང་འཚམ་པའི་མི་སྣ་བཙལ་འཚོལ་བྱེད་པ་དང་མི་སྣ་གཏན་འཁེལ་ཟིན་རྗེས། ལས་བྱེད་པའི་དོ་དམ་དབང་ཚད་གཞིར་བཟུང་རྟོག་ཞིབ་དང་ལེགས་འདེམས་ཀྱི་ལས་དོན་སྤེལ་ནས་ཆ་རྐྱེན་གཅིག་མཚུངས་འོག་ལེགས་འདེམས་ཀྱི་མི་སྣ་དང་ཤང་གྲོང་གི་ལས་ཀའི་ཉམས་མྱོང་ཡོད་པ་དང་དེ་བཞིན་ཧྲུའུ་ཅི་དང་པོ་བྱེད་མྱོང་བ་དང་། དབུལ་སྐྱོར་ལས་དོན་གྱི་རུ་མི། སློབ་ཆེན་ཐོན་པའི་གྲོང་དཔོན། “རྒྱབ་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”སོགས་ལས་ཀའི་ཉམས་མྱོང་ཡོད་པའི་ལས་བྱེད་པ་གྲོང་ཚོར་འདེམས་གཏོང་བྱས་ཏེ་ཀྲི་པུའུ་ཧྲུའུ་ཅིའི་འགན་འཁུར་རུ་བཅུག་ཡོད། འདེམས་གཏོང་བྱས་པའི་ལས་བྱེད་པ་27ནང་ཁོའོ་རིམ་པའི་ལས་བྱེད་པ་12ཡོད་པ་དེས་སྤྱིའི་གྲངས་འབོར་གྱི་44.4%བཟུང་བ་དང་། སློབ་ཆེན་དངོས་གཞིའི་ཚན་ཁག་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་མི23(རབས་འབྱམས་པའི་སློབ་རྒྱུས་ལྡན་པ2)གྱིས་སྤྱིའི་གྲངས་འབོར་གྱི་85.2%བཟུང་བ། བུད་མེད་ལས་བྱེད་པ་5ཡོད་པ་དེས་སྤྱིའི་མི་གྲངས་ཀྱི་18.5%བཟུང་བ། གྲངས་ཉུང་མི་རིགས་ལས་བྱེད་པ་21ཡོད་པ་དེས་སྤྱིའི་མི་གྲངས་ཀྱི་77.8%བཟུང་བ། ཆ་སྙོམས་ལོ་ཚད་32.5ཡིན་པ་དང་ལོ་ཆུང་ཤོས་24ཡིན་པ་རེད།

འདེམས་གཏོང་ལས་བྱེད་པས་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅིའི་གོ་གནས་འཁུར་བའི་དུས་ཚོད་དེ་ལོ་གཉིས་ནས་གསུམ་བར་ཡིན་ཞིང་། དེའི་རིང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་ཐེབས་པ་དང་། འོས་ཤིང་འཚམ་པའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་མི་སྣ་གསོ་སྐྱོང་ཐུབ་པ། གྲོང་ཚོ་རིམ་པའི་ལས་དོན་དོ་དམ་ལ་ཤུགས་སྣོན་ཐེབས་པ་བཅས་ཀྱི་གྲུབ་འབྲས་ཡོད་མཁན་ཕྱིར་ལོག་བྱེད་ཆོག་པ་དང་། དུས་ཚོད་ཐིམ་ཡང་འོས་ཤིང་འཚམ་པའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འོས་མི་གསོ་སྐྱོང་མ་ཐུབ་པ་དང་གྲོང་ཚོ་རིམ་པའི་ལས་དོན་དོ་དམ་ལ་གྲུབ་འབྲས་མ་ཐོབ་པའི་ཐད་འདེམས་གཏོང་བྱས་པའི་ལས་བྱེད་པ་སྒེར་གྱི་བསམ་འཆར་དང་ལེན་བྱེད་པའི་རྨང་གཞིའི་ཐོག་གནས་ཚུལ་ལ་གཞིགས་ནས་དུས་ཚོད་ནར་འགྱངས་སམ་ཡང་ན་སླར་ཡང་འདེམས་གཏོང་བྱ་རྒྱུ་རེད། འདེམས་གཏོང་མི་སྣ་གཏན་འཁེལ་བྱས་རྗེས་གྲོང་ཨུད་དང་ཀྲོའུ་ཨུད་ཁག་གི་སྒྲིག་འཛུགས་གཅིག་གྱུར་འོག་གོ་གནས་བཀོད་སྒྲིག་བྱས་པ་དང་རྩ་འཛུགས་ཀྱི་འབྲེལ་བ་གྲོང་ཚོར་སྒྱུར་རྒྱུ་དང་འབྲེལ་གྲོང་ཚོའི་ཏང་ཀྲི་པུའི་སྐབས་བརྗེའི་འདེམས་བསྐོའི་ནང་ཞུགས་ཆོག་པ་དང་ལས་ཁུངས་རྙིང་པའི་སྲིད་འཛིན་འབྲེལ་བ་དང་གླ་ཕོགས་འབྲེལ་བ་རང་སོར་འཇོག་རྒྱུ་རེད།

ལས་བྱེད་པའི་སེམས་ཁྲལ་སེལ་ནས་སེམས་ལས་ཀར་གནས་ཐུབ་པ་དང་ལས་དོན་སྒྲུབ་ཆེད། གྲོང་ཚོའི་གོ་གནས་འཁུར་རིང་དཀའ་ཚེགས་ཆེ་ལ་ཐག་རིང་ས་ཁུལ་གྱི་ཕོགས་སྣོན་དང་། མཚོ་སྔོན་གྱི་ཕོགས་སྣོན། ཤང་གྲོང་གི་ལས་ཀའི་ཁ་གསབ་དངུལ། དགུན་དུས་ཀྱི་མེ་དྲོད་ཁ་གསབ་བཅས་སྤྲོད་རྒྱུ་མ་ཟད། མི་ལུས་ལ་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་ཕོག་པའི་འགན་བཅོལ་ཉོ་རྒྱུ་རེད། མཁོ་བའི་གྲོན་དངུལ་རིམ་མཚུངས་ནོར་སྲིད་སྡེ་ཚན་ནས་སྤྲོད་རྒྱུ་དང་གྲོང་སྡོད་ཧྲུའུ་ཅི་དང་པོའི་ཚད་གཞི་ལྟར་ལས་ཀའི་གྲོན་དངུལ་དོན་འཁྱོལ་བྱས་ཏེ་ལས་ཀར་རྒྱབ་སྐྱོར་བྱ་རྒྱུ་རེད།