ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཀྲུང་གོའི་ཕུགས་འདུན་ནི་དུས་རབས་གསར་བའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགན་འཁྲི་ཡིན།

ཞིན་ཧྭ་གསར་འགྱུར་ཁང་གིས་པེ་ཅིན་ནས་ཟླ10པའི་ཚེས18ཉིན་བསྒྲགས་པའི་གསར་འགྱུར་ལྟར་ན། ཞི་ཅིན་ཕེན་གྱིས་དུས་རབས་གསར་བའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགན་འཁྲི་ཞིབ་བརྗོད་གནང་སྐབས་གསུངས་དོན།  ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་བྱ་རྒྱུ་ནི་ཉེ་རབས་ནས་བཟུང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་ཕུགས་འདུན་རེད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ནས་གུང་ཁྲན་རིང་ལུགས་མངོན་འགྱུར་བྱ་རྒྱུ་དེ་ཏང་གིས་ཕུགས་བསམ་ཆེ་ཤོས་དང་མཐར་ཐུག་གིས་དམིགས་ཡུལ་དུ་བཟུང་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་དེ་འགྱོད་སེམས་མེད་པའི་སྒོ་ནས་ཕྲག་ཏུ་ཁུར་ཏེ། མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ནས་དཀའ་སྤྱད་ཚད་མེད་སྒོས་འཐབ་རྩོད་བྱས་པ་དང་། རི་ཀླུང་ཁྱུར་མིད་གཏོང་ཐུབ་པ་ལྟ་བུའི་བརྗིད་ཉམས་ཆེ་བའི་ལོ་རྒྱུས་ཀྱི་སྙན་རྩོམ་བརྩམས་ཡོད།

ཞི་ཅིན་ཕེན་གྱིས་བསྟན་དོན། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་གྲོང་གསེབ་ལ་བརྟེན་ནས་གྲོང་ཁྱེར་གྱི་མཐའ་བསྐོར་བ་དང་།  དྲག་ཤུགས་ཀྱིས་སྲིད་དབང་འཕྲོག་ལེན་བྱེད་པའི་གསར་བརྗེའི་འགྲོ་ལམ་ཡང་དག་ཅིག་རྙེད་པ་དང་།  ལོ་ངོ་ཉེར་བརྒྱད་རིང་ཁྲག་བཏོན་དམར་འཛིང་བྱས་ནས་དམངས་གཙོ་རིང་ལུགས་གསར་བའི་གསར་བརྗེ་ལེགས་འགྲུབ་བྱུང་བ་དང་། 1949ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པས།  ཀྲུང་གོའི་ལོ་ངོ་སྟོང་ཕྲག་འགའི་བཀས་བཀོད་རྒྱུད་འཛིན་གྱི་སྲིད་དབང་སྒེར་འཛིན་ནས་མི་དམངས་དམངས་གཙོའི་ཕྱོགས་སུ་མཆོང་སྐྱོད་རླབས་པོ་ཆེ་ཐུབ་པར་བྱུང་བ་རེད།

ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་ལེགས་འགྲུབ་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་གཏན་ཁེལ་བྱས་པ། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལ་སྐུལ་སྤེལ་བཏང་བ། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་བྱུང་ཚུན་དུ་སྤྱི་ཚོགས་འཕོ་འགྱུར་ལེགས་འགྲུབ་ཆེན་པོ་དང་གཏིང་ཟབ་བྱུང་བས། དེང་རབས་ཀྱི་ཀྲུང་གོ་གོང་སྤེལ་དང་ཡར་རྒྱས་ཀྱི་བྱ་བ་མཐའ་དག་ལ་ཆབ་སྲིད་ཀྱི་རྩ་བའི་རྨང་གཞི་དང་ལམ་ལུགས་ཀྱི་རྨང་གཞི་བཏིང་བས། ཉེ་རབས་ཀྲུང་ཧྭ་མི་རིགས་ཇེ་ཉམས་སུ་འགྲོ་བ་ནས་རྩ་བ་ནས་ལས་དབང་བསྒྱུར་ཏེ། རྒྱུན་མཐུད་ངང་སྟོབས་འབྱོར་མངའ་ཐང་རྒྱས་པའི་ཕྱོགས་སུ་མཆོང་སྐྱོད་རླབས་ཆེན་བྱས།

ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་བཅོས་སྒྱུར་སྒོ་འབྱེད་ཀྱི་གསར་བརྗེ་རླབས་པོ་ཆེ་གསར་བ་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་ཡོང་བར་བཀག་འགོག་བྱེད་པའི་བསམ་བློ་དང་སྒྲིག་སྲོལ་གྱི་འགལ་རྐྱེན་མཐའ་དག་སེལ་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་བཏོད་པས།  ཀྲུང་གོ་ནི་གོམ་སྟོབས་ཆེན་པོའི་ངང་དུས་རབས་དང་འགྲོགས་ནས་སྐྱོད་ཐུབ་པ་བྱུང་།

ཞི་ཅིན་ཕེན་གྱིས་གསུངས་དོན།  དེ་རིང་། ང་ཚོ་ལོ་རྒྱུས་ཐོག་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་དམིགས་འབེན་འགྲུབ་པ་དང་ཐག་ཉེ་བ་དང་། གདེང་ཚོད་དང་ནུས་པ་དེ་ལས་ཆེན་པོས་ཁེངས་ཡོད།

ཞི་ཅིན་ཕེན་གྱིས་ནན་གྱིས་གསུངས་དོན། ལེ་དབར་བརྒྱ་བསྐྱོད་དགུ་བཅུ་ལམ་ཕྱེད་ཡིན།  ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་བྱེད་པ་ནི་བདེ་བདེ་ལྷོད་ལྷོད་དང་ངང་ཚུལ་བསྟན་པ་ཙམ་གྱིས་མངོན་འགྱུར་ཐུབ་པ་ཞིག་གཏན་ནས་མ་ཡིན་པས། ཏང་ཡོངས་ཀྱིས་ངེས་པར་དུ་དཀའ་ཚེགས་སྔར་ལས་ཆེ་བ་དང་དཀའ་སྡུག་སྔར་ལས་ཆེ་བའི་འབད་བརྩོན་བྱ་རྩིས་བྱེད་དགོས།

ཞི་ཅིན་ཕེན་གྱིས་བསྟན་དོན། རླབས་ཆེན་ཕུགས་འདུན་མངོན་འགྱུར་བྱེད་པར་ངེས་པར་དུ་འཐབ་རྩོད་རླབས་ཆེན་བྱེད་དགོས། ཏང་ཡོངས་ཀྱིས་ཏང་གི་མགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་ལས་རང་རྟོགས་ཀྱི་སྒོ་ནས་མཐའ་འཁྱོངས་བྱས་ཏེ། ཏང་གི་མགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཞན་དུ་གཏོང་བ་དང་། འཁྱོག་བཤད་བྱེད་པ། ཁས་མི་ལེན་པ་བཅས་ཀྱི་གཏམ་སྤྱོད་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་པ་དང་། མི་དམངས་ཀྱི་ཁེ་ཕན་སྔར་ལས་རང་རྟོགས་ཀྱི་སྒོ་ནས་སྲུང་སྐྱོང་བྱས་ཏེ་མི་དམངས་ཀྱི་ཁེ་ཕན་ལ་གནོད་སྐྱོན་བཟོ་བ་དང་། མང་ཚོགས་དང་ཁ་བྲལ་བའི་བྱ་སྤྱོད་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་པ། བཅོས་སྒྱུར་དང་གསར་དུ་གཏོད་པའི་དུས་རབས་ཀྱི་རླབས་རྒྱུན་གསར་བའི་ཁྲོད་དུ་སྔར་ལས་རང་རྟོགས་ཀྱི་སྒོ་ནས་ཞུགས་ཏེ་སྒྱུར་དཀའི་གོམས་གཤིས་ངན་པ་མཐའ་དག་རྩ་བ་ནས་དོར་དགོས་པ། རང་རྒྱལ་གྱི་བདག་དབང་དང་། བདེ་འཇགས། གོང་སྤེལ་བཅས་ཀྱི་ཁེ་ཕན་སྔར་ལས་རང་རྟོགས་ཀྱི་སྒོ་ནས་སྲུང་སྐྱོང་བྱས་ཏེ་མེས་རྒྱལ་ཁ་བྲལ་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་པ།  སྔར་ལས་རང་རྟོགས་ཀྱི་སྒོ་ནས་ཉེན་ཁ་སྣ་ཚོགས་བཀག་འགོག་བྱས་ཏེ་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་བཅས་ཁྱབ་ཁོངས་དང་རང་བྱུང་ཁམས་ཀྱི་དཀའ་ངལ་དང་འགྲན་སློང་ཐོན་རིགས་ཐམས་ཅད་ཁྱད་གསོད་མཐའ་གཅིག་ཏུ་བྱེད་དགོས། ཏང་ཡོངས་ཀྱིས་འཐབ་རྩོད་རླབས་ཆེན་འདིའི་ཡུན་རིང་རང་བཞིན་དང་། རྙོག་འཛིན་ཆེ་བའི་རང་བཞིན། དཀའ་ཚེགས་ཆེ་བའི་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་བཏང་སྟེ་འཐབ་རྩོད་རླབས་ཆེན་ཐད་རྒྱལ་ཁ་གསར་བ་མུ་མཐུད་དུ་ལེན་དགོས།

ཕུགས་འདུན་རླབས་ཆེན་མངོན་འགྱུར་ཡོང་བར་བྱེད་དགོས་ན། ལས་གཞི་རླབས་ཆེན་ངེས་པར་འཛུགས་སྐྲུན་བྱེད་དགོས། ལས་གཞི་རླབས་ཆེན་དེ་ནི་ང་ཚོའི་ཏང་གིས་གཏིང་ཟབ་སྐུལ་འདེད་སྒོས་གཏོང་བཞིན་པའི་ཏང་ལེགས་སྐྱོང་གི་ལས་གཞི་རླབས་ཆེན་གསར་བ་དེ་རེད། ཏང་ཡོངས་ཀྱིས་ཏང་གཤིས་ཀྱི་རྩ་དོན་སྔར་བས་རང་རྟོགས་ཀྱི་སྒོ་ནས་ཇེ་བརྟན་དུ་གཏོང་བ་དང་། གནད་དོན་ལ་ཁ་གཏད་ཕོད་པ། རུས་འབྲད་དུག་སེལ་ཕོད་པ་བཅས་བྱས་ནས་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་གནོད་སྐྱོན་བཟོ་བའི་རྒྱུ་རྐྱེན་མཐའ་དག་སེལ་བ་དང་། ཏང་གི་གཟུགས་གཞིའི་བདེ་ཐང་རུལ་བསླད་བཟོ་བའི་ནད་དུག་ཐམས་ཅད་སེལ་བ། ཏང་གི་ཆབ་སྲིད་ཀྱི་མགོ་ཁྲིད་སྟོབས་ཤུགས་དང་། བསམ་པའི་ཁྲིད་སྟོན་སྟོབས་ཤུགས། མང་ཚོགས་སྒྲིག་འཛུགས་ཀྱི་སྟོབས་ཤུགས། སྤྱི་ཚོགས་འབོད་སྐུལ་བྱེད་ཤུགས་བཅས་རྒྱུན་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། ང་ཚོའི་ཏང་གི་སྐྱེ་སྟོབས་ཆེན་པོ་དང་འཐབ་འཛིང་བྱེད་ཤུགས་ཆེན་པོ་ནམ་ཡང་རྒྱས་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་དགོས།

ཕུགས་འདུན་རླབས་ཆེན་མངོན་འགྱུར་ཡོང་བར་བྱེད་སྙམ་ན། བྱ་གཞག་རླབས་ཆེན་ངེས་པར་དུ་སྐུལ་སྤེལ་གཏོང་དགོས། ཏང་ཡོངས་ཀྱིས་བགྲོད་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ལ་སྔར་ལས་རང་རྟོགས་ཀྱི་སྒོ་ནས་གདེང་ཚོད་ཇེ་ཆེར་གཏོང་དགོས་ཤིང་། སྒོ་སྡོམ་མཁྲེགས་བཟུང་གི་ལམ་རྙིང་ལ་མི་སྐྱོད་པར། དར་ཆ་བརྗེ་བསྒྱུར་གྱི་ལོག་ལམ་ལའང་མི་སྐྱོད་པར།  ཆབ་སྲིད་ཀྱི་ངེས་ཤུགས་སྲུང་འཛིན་དང་། དངོས་དོན་བསྒྲུབས་ནས་རྒྱལ་ཁབ་དར་རྒྱས་མཐའ་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས།

ཞི་ཅིན་ཕེན་གྱིས་ནན་གྱིས་གསུངས་དོན།  འཐབ་རྩོད་རླབས་ཆེན་དང་།  ལས་གཞི་རླབས་ཆེན། བྱ་གཞག་རླབས་ཆེན། ཕུགས་འདུན་རླབས་ཆེན་བཅས་ཟུང་འབྲེལ་དམ་པོ་དང་། ཕན་ཚུན་རྒྱུན་མཐུད། ཕན་ཚུན་ནུས་པ་ཐོན་རེས་བྱེད་པ་བཅས་ཀྱི་ཁྲོད་ཐག་ཆོད་རང་བཞིན་གྱི་ནུས་པ་ཐོན་པར་བྱེད་པ་བཅས་ནི་ཏང་ལེགས་སྐྱོང་གི་ལས་གཞི་རླབས་ཆེན་གསར་བ་རེད། ལས་གཞི་རླབས་ཆེན་སྐུལ་སྤེལ་གཏོང་བར། འཐབ་རྩོད་རླབས་ཆེན་དང་བྱ་གཞག་རླབས་ཆེན།  ཕུགས་འདུན་རླབས་ཆེན་བཅས་ལག་ལེན་བསྟར་རྒྱུ་དང་ཟུང་འབྲེལ་བྱས་ཏེ།  འཛམ་གླིང་གི་གནས་བབ་འགྱུར་ལྡོག་གཏིང་ཟབ་བྱུང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་ཏང་ནི་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་ཉམས་སད་སྣ་ཚོགས་ལ་ཁ་གཏད་འཇལ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་ཐོག་མཐའ་བར་གསུམ་དུ་རྒྱལ་ཡོངས་མི་དམངས་ཀྱི་སྲོག་ཤིང་དུ་འགྱུར་བར་བྱེད་དགོས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་ཐོག་མཐའ་བར་གསུམ་དུ་མགོ་ཁྲིད་ཀྱི་སྲོག་ཤིང་དུ་འགྱུར་བར་བྱེད་དགོས།།

2017ལོའི་དུས་དེབ་དྲུག་པ།