འཕེལ་རྒྱས་ཀྱི་བསམ་གཞི་གསར་བ་ལག་ལེན་དུ་བསྟར་ནས། དེང་རབས་ཅན་དུ་འགྱུར་བའི་དཔལ་འབྱོར་གྱི་མ་ལག་བསྐྲུན་དགོས།

ཞིན་ཧྭ་གསར་འགྱུར་ཁང་གིས་པེ་ཅིན་ནས་ཟླ10པའི་ཚེས8ཉིན་བསྒྲགས་པའི་གསར་འགྱུར་ལྟར་ན། ཞི་ཅིན་ཕེན་གྱིས་ནན་གསུངས་དོན། འཕེལ་རྒྱས་ཀྱི་བསམ་གཞི་གསར་བ་ལག་ལེན་དུ་བསྟར་ནས། དེང་རབས་ཅན་དུ་འགྱུར་བའི་དཔལ་འབྱོར་གྱི་མ་ལག་བསྐྲུན་དགོས།

ཞི་ཅིན་ཕེན་གྱིས་བསྟན་དོན། འཕེལ་རྒྱས་གཏོང་རྒྱུ་འདི་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྲིད་སྐྱོང་རྒྱལ་དར་གྱི་ཏང་གི་ལས་འགན་ཨང་དང་པོར་བརྩི་དགོས་ཤིང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་དར་སྤེལ་གཏོང་བ་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་བཅོས་སྒྱུར་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕེན་གྱིས་གསུངས་དོན། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་ཡོང་བའི་རིམ་པ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་དུ་བསྒྱུར་ཏེ། འཕེལ་རྒྱས་གཏོང་སྟངས་བརྗེ་བསྒྱུར་དང་། དཔལ་འབྱོར་གྲུབ་ཚུལ་ལེགས་བསྒྱུར། འཕར་སྣོན་གྱི་སྒུལ་ཤུགས་བརྗེ་བསྒྱུར་བཅས་ཀྱི་འགག་སྒྲོལ་དུས་རིམ་དུ་གནས་ཡོད། དེང་རབས་ཅན་དུ་འགྱུར་བའི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ་ནི་འགག་སྒོ་སྒྲོལ་བའི་ཁ་ཚ་དགོས་གཏུག་གི་བླང་བྱ་དང་རང་རྒྱལ་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་ཀྱི་དམིགས་འབེན་ཡིན་པས། ངེས་པར་དུ་སྤུས་ཚད་ཨང་དང་པོར་འཇོག་པ་དང་ཕན་འབྲས་དམིགས་བཀར་མཐའ་འཁྱོངས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་གཙོ་གནད་དུ་བཟུང་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་གསར་སྒྱུར་དང་། ལས་ཆོད་གསར་སྒྱུར། སྒུལ་ཤུགས་གསར་སྒྱུར་བཅས་ལ་སྐུལ་འདེད་གཏོང་བ་དང་། གཙོ་རྒྱུ་ཀུན་འདུས་ཀྱི་ཐོན་སྐྱེད་ལས་ཆོད་ཆེ་རུ་གཏོང་བ། དངོས་གཞིའི་དཔལ་འབྱོར་དང་། ཚན་རྩལ་གསར་གཏོད། དེང་རབས་དངུལ་རྩ། མི་ཤུགས་ཐོན་ཁུངས་བཅས་མཐུན་སྦྱོར་ངང་ནས་འཕེལ་རྒྱས་ཡོང་བའི་ཐོན་ལས་ཀྱི་མ་ལག་འཛུགས་སྐྲུན་གང་ཐུབ་དང་གང་མགྱོགས་སུ་གཏོང་བ། ཚོང་རའི་ལམ་སྲོལ་ཕན་གོ་ཆོད་པ་དང་། ཕྲ་མཐོང་བྱེད་པོར་གསོན་ཤུགས་ལྡན་པ། སྤྱི་ཁོག་སྙོམས་སྒྲིག་ཚད་ལྡན་བཅས་ཀྱི་དཔལ་འབྱོར་སྒྲིག་སྲོལ་འཛུགས་གང་ཐུབ་བྱས་ནས། རང་རྒྱལ་གྱི་དཔལ་འབྱོར་གསར་གཏོད་ནུས་པ་དང་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ཟབ་ཏུ་སྤེལ་དགོས།  དེང་རབས་ཅན་དུ་འགྱུར་བའི་དཔལ་འབྱོར་མ་ལག་འཛུགས་པར།  ངེས་པར་དུ་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཤུགས་འདོན་ཡུལ་དེ་དངོས་གཞིའི་དཔལ་འབྱོར་ཐད་ལ་བཞག་ནས། མཁོ་སྤྲོད་ཕྱོགས་ཀྱི་མ་ལག་གི་སྤུས་ཚད་མཐོ་རུ་གཏོང་བ་འདི་འགག་སྒྲོལ་གྱི་ཕྱོགས་གཙོ་བོར་བརྩིས་ཏེ། རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་ཀྱི་བཟང་ཆ་མངོན་གསལ་ཇེ་ཆེར་གཏོང་དགོས།

གསར་གཏོད་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། འཛམ་གླིང་གི་ཚན་རྩལ་མདུན་གྲལ་ལ་དམིགས་ནས། རྨང་གཞིའི་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྔ་བལྟས་རང་བཞིན་གྱི་རྨང་གཞིའི་ཞིབ་འཇུག་དང་། སྣེ་ཁྲིད་རང་བཞིན་གྱི་གསར་དུ་གཏོད་པའི་ཐོག་མའི་གྲུབ་འབྲས་འགག་སྒྲོལ་ཆེན་པོ་ཡོང་བར་བྱེད་དགོས།

ཞང་དང་གྲོང་ཚོ་དར་རྒྱས་གཏོང་བའི་འཐབ་ཇུས་དོན་འཁྱོལ་བྱེད་དགོས། ཞིང་ལས་དང་གྲོང་གསེབ་ཞིང་པ་གསུམ་གྱི་གནད་དོན་ནི་རྒྱལ་ཇུས་དམངས་འཚོར་ཐུག་པའི་རྩ་བའི་རང་བཞིན་གྱི་གནད་དོན་ཡིན་པས།  "ཞིང་གསུམ"གྱི་གནད་དོན་ངེས་པར་དུ་ཐག་གཅོད་ཡག་པོར་བྱེད་རྒྱུ་འདི་ཐོག་མཐའ་བར་གསུམ་དུ་ཏང་ཡོངས་ཀྱི་ལས་ཀའི་གལ་ཆེའི་ནང་གི་དོན་ཆེན་དུ་བརྩིས་ནས། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་དགོས། ས་ཞིང་འགན་གཙང་ལེན་བརྟན་པོ་ཡོང་བ་དང་ཡུན་རིང་འགྱུར་མེད་ཡོང་བ་སྲུང་སྐྱོང་བྱེད་པ་དང་། ས་ཞིང་འགན་གཙང་ལེན་དུས་ཡུན་ཡང་བསྐྱར་ལོ་ངོ་སུམ་ཅུ་རིང་ནར་འགྱང་དུ་གཏོང་རྒྱུ་ཡིན་པས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱས་ཏེ། ཀྲུང་གོ་བའི་འཚོ་རྟེན་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས། གྲོང་གསེབ་ཀྱི་གཞི་རིམ་དང་རྨང་གཞིའི་ལས་དོན་སྒྲུབ་ཤུགས་ཆེ་རུ་གཏོང་དགོས། ཞིང་ལས་ཤེས་པ་དང་། གྲོང་གསེབ་ལ་དགའ་བ།  ཞིང་པར་དགའ་བ་བཅས་ཀྱི"ཞིང་གསུམ"ལས་དོན་པའི་དཔུང་ཁག་ཅིག་གསོ་སྐྱོང་བྱེད་དགོས།

ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་དུ་བསྟར་དགོས། གསར་བརྗེའི་གནས་རྙིང་ཁུལ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ།  དབུལ་ཕོངས་ས་ཁུལ་བཅས་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། བྱེད་ཐབས་སྤྱོད་ཤུགས་ཆེ་རུ་བཏང་ནས་ནུབ་རྒྱུད་གསར་སྤེལ་ཆེན་པོར་གནས་བབ་གསར་བ་ཆགས་པར་བྱེད་པ། བཅོས་སྒྱུར་ཟབ་སྤེལ་བྱས་ཏེ་བྱང་ཤར་སོགས་བཟོ་ལས་ཀྱི་གནས་གཞི་རྙིང་བ་དར་རྒྱས་ཇེ་མགྱོགས་སུ་གཏོང་བ། དགེ་མཚན་འདོན་སྤེལ་བྱས་ནས་དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། གསར་སྐྲུན་གྱིས་ཁྲིད་སྟོན་བྱས་ནས་ཤར་རྒྱུད་ས་ཁུལ་དམིགས་སུ་བཀར་ཏེ་སྔོན་ལ་འཕེལ་རྒྱས་ཡོང་བ་བྱས་ནས། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་ལམ་སྲོལ་གསར་བ་སྔར་བས་ཕན་གོ་ཆོད་པ་འཛུགས་དགོས།

སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་མགྱོགས་མྱུར་ངང་འཐུས་ཚང་དུ་གཏོང་དགོས། དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་ནི་ངེས་པར་དུ་ཐོན་དབང་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་རྒྱུ་རྐྱེན་གཙོ་བོ་ཚོང་ར་ཅན་དུ་བགོ་སྒྲིག་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། ཐོན་དབང་ཕན་གོ་ཆོད་པར་སྐུལ་སྤེལ་དང་། རྒྱུ་ཆ་གཙོ་བོ་རང་མོས་ངང་འཁོར་རྒྱུག རིན་གོང་འཕར་ཆག་གི་འགྱུར་བ་གང་ལ་གང་འཚམ་ཡིན་པ། འགྲན་རྩོད་འདྲ་མཉམ་དང་སྒྲིག་རིམ་ལྡན་པ། ཁེ་ལས་བཟང་ལེན་ངན་དོར་བཅས་མངོན་འགྱུར་བྱེད་དགོས།

ཕྱོགས་ཡོངས་ནས་སྒོ་འབྱེད་ཅན་གྱི་གནས་བབ་གསར་བ་ཆགས་པར་སྐུལ་འདེད་གཏོང་དགོས། ཀྲུང་གོས་སྒོ་མོ་ཆེན་པོ་འབྱེད་པ་ཇེ་ཆེར་གཏོང་བ་ལས།  སྒོ་རྒྱག་མི་སྲིད།   "རྒྱུད་གཅིག་ལམ་གཅིག"འཛུགས་སྐྲུན་གཙོ་གནད་དུ་བཟུང་སྟེ། ནང་དུ་འདྲེན་པ་དང་ཕྱི་རུ་གཏོང་བ་གལ་ཆེན་དུ་བརྩི་བ་མཐའ་འཁྱོངས་དང་། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་བརྩི་སྲུང་དང་། གསར་གཏོད་བྱེད་ནུས་ཇེ་ཆེར་བཏང་ནས་སྒོ་འབྱེད་མཉམ་ལས་བཅས་བྱས་ཏེ། སྐམ་མཚོ་དང་ཕྱི་ནང་མཉམ་འགུལ་དང་། ཤར་ནུབ་ཕྱོགས་གཉིས་ཕན་ཚུན་གཉིས་ཕན་སྒོ་འབྱེད་ཀྱི་རྣམ་པ་ཆགས་པར་བྱེད་དགོས།

ཞི་ཅིན་ཕེན་གྱིས་ནན་གྱིས་གསུངས་དོན།  སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་པས།  ང་ཚོས་སྤྱི་ཚོགས་ཡོངས་ཀྱི་གསར་སྐྲུན་ནུས་པ་དང་འཕེལ་རྒྱས་ཀྱི་གསོན་ཤུགས་སྐུལ་སྤེལ་བཏང་ནས།  སྤུས་ཚད་སྔར་ལས་བཟང་བ་དང་།  ཕན་ཆོད་སྔར་ལས་ཆེ་བ།  སྔར་ལས་འདྲ་མཉམ་ཡིན་པ།  སྔར་ལས་རྒྱུན་མཐུད་རུང་བ་བཅས་ཀྱི་འཕེལ་རྒྱས་ཡོང་བར་བརྩོན་དགོས།།