མི་དམངས་ཀྱི་རང་ཁྱིམ་རང་བདག་གི་ལམ་ལུགས་མ་ལག་ཆ་ཚང་དུ་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་གཏོང་དགོས།

ཞིན་ཧྭ་གསར་འགྱུར་ཁང་གིས་པེ་ཅིན་ནས་ཟླ10པའི་ཚེས8ཉིན་བསྒྲགས་པའི་གསར་འགྱུར་ལྟར་ན། ཞི་ཅིན་ཕེན་གྱིས་ཚོགས་ཆེན་བཅུ་དགུ་བའི་སྙན་ཞུའི་ནང་ནན་གྱིས་གསུངས་དོན། མི་དམངས་ཀྱི་རང་ཁྱིམ་རང་བདག་གི་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་སུ་གཏོང་དགོས།

ཞི་ཅིན་ཕེན་གྱིས་བསྟན་དོན།  རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ནི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་དམངས་གཙོ་ཁྱབ་རྒྱ་ཆེ་ཤོས་དང་། དོན་དངོས་དང་མཐུན་ཤོས། ཕན་གོ་ཆོད་ཤོས་བཅས་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་གཏོང་བ་ནི་མི་དམངས་ཀྱི་འདོད་བློ་མཚོན་པ་དང་། མི་དམངས་ཀྱི་ཁེ་ཕན་འགན་སྲུང་བྱེད་པ། མི་དམངས་ཀྱི་གསར་སྐྲུན་ནུས་པ་འདོན་སྤེལ་བྱེད་པ་བཅས་ཡིན་ཞིང་།  ལམ་ལུགས་ཆ་ལག་ཚང་བར་བརྟེན་ནས་མི་དམངས་རང་ཁྱིམ་རང་བདག་ཡོང་བར་འགན་ལེན་བྱེད་དགོས།

ཞི་ཅིན་ཕེན་གྱིས་གསུངས་དོན།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་གཏོང་བའི་བགྲོད་ལམ་ནི། ཉེ་རབས་ནས་བཟུང་སྟེ་ཀྲུང་གོའི་མི་དམངས་ཀྱིས་ཡུན་རིང་འབད་འཐབ་བྱས་པའི་ལོ་རྒྱུས་ཀྱི་གཏན་ཚིགས་དང་། གཞུང་ལུགས་ཀྱི་གཏན་ཚིགས། ལག་ལེན་གྱི་གཏན་ཚིགས་བཅས་ལྡོག་མེད་པའི་འབྲས་བུ་ཡིན་ལ། ཏང་གི་ངོ་བོའི་རང་གཤིས་མཐའ་འཁྱོངས་དང་། ཏང་གི་རྩ་བའི་དམིགས་ཡུལ་ལག་ལེན་དུ་བསྟར་བའི་ལྡོག་མེད་བླང་བྱའང་ཡིན། འཛམ་གླིང་ཡོངས་སུ་འདྲ་མཚུངས་ཡིན་པའི་ཆབ་སྲིད་ལམ་ལུགས་ཀྱི་མ་དཔེ་ཞིག་མེད་ལ།  ཆབ་སྲིད་ལམ་ལུགས་དེ་ཁྱད་པར་ཅན་གྱི་སྤྱི་ཚོགས་ཀྱི་ཆབ་སྲིད་ཆ་རྐྱེན་དང་ལོ་རྒྱུས་རིག་གནས་ཀྱི་སྲོལ་རྒྱུན་དང་ཁ་བྲལ་ནས་སྤྱི་མཚན་དུ་ཤན་འབྱེད་བྱེད་མི་རུང་བ་དང་། གཅིག་རང་མཆོག་འཛིན་མི་རུང་བ་དང་། ཕྱི་རྒྱལ་གྱི་ཆབ་སྲིད་ལམ་ལུགས་ཀྱི་མ་དཔེ་མི་འཕྲོད་པ་བཙན་སྦྱོར་ཡང་བྱེད་མི་རུང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཡུན་རིང་མཐའ་འཁྱོངས་དང་། རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བ་དང་། ཧུར་ཐག་གིས་ཆབ་སྲིད་སྒྲིག་སྲོལ་བཅོས་སྒྱུར་བརྟན་པོ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་སྐུལ་སྤེལ་གཏོང་བ་དང་། མི་དམངས་ཀྱིས་ཁྲིམས་ལྟར་ཐབས་ལམ་དང་རྣམ་པ་མི་འདྲ་བ་སྣ་ཚོགས་བརྒྱུད་དེ་རྒྱལ་ཁབ་ཀྱི་བྱ་གཞག་དོ་དམ་དང་།  དཔལ་འབྱོར་དང་རིག་གནས་བྱ་གཞག་དོ་དམ།  སྤྱི་ཚོགས་ཀྱི་བྱ་གཞག་དོ་དམ་བཅས་འགན་ལེན་བྱེད་པ་དང་། གསོན་ཉམས་ལྡན་ཞིང་འཁྲུག་ཆ་དོད་པ་དང་། བརྟན་ལྷིང་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།

ཏང་གི་མགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག  ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཟབ་བྱེད་དགོས།  ཏང་གི་མགོ་ཁྲིད་ནི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྩ་བའི་འགན་ལེན་ཡིན་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་ངོ་བོའི་ཁྱད་ཆོས་ཡིན་ལ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་རྣམ་པ་ཡིན་ཞིང་། འདི་གསུམ་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་ལག་ལེན་རླབས་ཆེན་ནང་དུ་གཅིག་གྱུར་བྱུང་ཡོད། རང་རྒྱལ་གྱི་ཆབ་སྲིད་འཚོ་བའི་ཁྲོད་དུ། ཏང་ནི་མགོ་ཁྲིད་བྱེད་མཁན་གྱི་གནས་སུ་ཡོད་པས། ཏང་གི་གཅིག་སྡུད་དང་གཅིག་གྱུར་གྱི་མགོ་ཁྲིད་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་གཅིག མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། སྲིད་གྲོས་བཅས་དང་། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གིས་ཁྲིམས་མཐུན་དང་སྒྲིག་ཡིག་ལྟར་འགན་ནུས་སྒྲུབ་པ་དང་། ལས་དོན་སྒྲུབ་པ། ནུས་པ་འདོན་པ་བཅས་ལ་རྒྱབ་སྐྱོར་བྱེད་པ་དང་གཉིས་ཏེ། འདི་གཉིས་ནི་གཅིག་གྱུར་ཡིན།

མི་དམངས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་ཀྱི་འགན་སྲུང་བྱེད་ཤུགས་ཇེ་ཆེར་གཏོང་དགོས།  མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་ཏང་གི་མགོ་ཁྲིད་མཐའ་འཁྱོངས་དང་།  མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ།  ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ནི་གཅིག་གྱུར་དམ་ཟབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་བཀོད་པ་ཡིན་པས།  ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་པ་དང་རྒྱུན་ཆད་མེད་པར་འཐུས་ཇེ་སྒོ་ཚང་དུ་གཏོང་དགོས།  མི་དམངས་ཀྱིས་མི་དམངས་འཐུས་མིའི་ཚོགས་ཆེན་བརྒྱུད་དེ་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་པར་རྒྱབ་སྐྱོར་དང་འགན་ལེན་བྱེད་དགོས།

སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་གྲོས་མོལ་གྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས།  བྱ་བ་ཐམས་ཅད་གྲོས་མོལ་བྱས་པས་ཆོག མི་མང་གི་བྱ་བ་མི་མང་གིས་གྲོས་བྱས་ནས་སྒྲུབ་དགོས་པ་འདི་ནི་མི་དམངས་དམངས་གཙོའི་བདེན་ལུགས་མཐར་སོན་རེད།  དམངས་གཙོའི་གྲོས་མོལ་ནི་ཏང་གི་མགོ་ཁྲིད་མངོན་འགྱུར་བྱེད་ཐབས་གལ་ཆེན་ཡིན་ལ། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་རྣམ་པ་ཁྱད་པར་ཅན་དང་ཐུན་མོང་མ་ཡིན་པའི་དགེ་མཚན་ཡིན་པས།  དམངས་གཙོ་གྲོས་མོལ་ཡོངས་ཁྱབ་དང་།  རིམ་པ་མང་པོ།  ལམ་ལུགས་ཅན་བཅས་འཕེལ་རྒྱས་བཏང་ནས།  མི་དམངས་ལ་དུས་རྒྱུན་གྱི་ཆབ་སྲིད་འཚོ་བའི་ཁྲོད་ཐེ་ཞུགས་ཀྱི་ཁེ་དབང་ཡོངས་ཁྱབ་དང་རྒྱུན་མཐུད།  གཏིང་ཟབ་བཅས་ཡོང་བའི་འགན་ལེན་བྱེད་དགོས།

མི་དམངས་སྲིད་གྲོས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ལམ་ལུགས་ཀྱི་བཀོད་པ་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་གྲོས་མོལ་གྱི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་ལས་ཁུངས་ཡིན། མི་དམངས་སྲིད་གྲོས་ཀྱི་ལས་དོན་ནང་ཏང་དང་རྒྱལ་ཁབ་ཀྱི་ལས་འགན་ལྟེ་བ་འདུས་དགོས་པ་དང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་གཙོ་བོ་གཉིས་ལ་དམིགས་ཏེ།  དམངས་གཙོའི་གྲོས་མོལ་དེ་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ།  སྲིད་ཞུགས་སྲིད་མོལ་བཅས་ཀྱི་གོ་རིམ་ཡོངས་ལ་ཁྱབ་པར་བྱེད་དགོས་ལ། སྲིད་དོན་གྲོས་མོལ་གྱི་ནང་དོན་དང་རྣམ་པ་མཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། ངོས་འཛིན་གཅིག་མཐུན་གྱིས་ཇེ་ཆེ་དང་མཐུན་སྒྲིལ་ཇེ་དམ་དུ་གཏོང་གང་ཐུབ་བྱེད་དགོས། མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་དང་ཇུས་གཞི་གལ་ཆེན་གྱི་བཀོད་པ་དོན་འཁྱོལ་བྱེད་པ་གཙོ་གནད་དུ་བཟུང་ནས་ལྟ་སྐུལ་བྱེད་དགོས།  མི་དམངས་སྲིད་གྲོས་ཀྱི་ལས་རིགས་དབྱེ་ཁོངས་མི་འདྲ་བའི་མཚོན་བྱེད་རང་བཞིན་ཇེ་ཆེར་གཏོང་བ་དང་། ཨུ་ཡོན་གྱི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་དགོས།

ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལག་ལེན་ཇེ་ཟབ་ཏུ་གཏོང་དགོས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་ནི་རྒྱལ་ཁབ་བཅོས་སྐྱོང་གི་གསར་བརྗེ་གཏིང་ཟབ་ཅིག་ཡིན་པས། ཁྲིམས་ཀྱིས་སྐྱོང་བ་ངེས་པར་མཐའ་འཁྱོངས་བྱས་ནས། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་།  ཁྲིམས་བསྟར་ནན་པོ་བྱེད་པ། ཁྲིམས་འཛིན་དྲང་གཞག  དམངས་ཡོངས་ཀྱིས་ཁྲིམས་སྲུང་བཅས་ལ་སྐུལ་སྤེལ་གཏོང་དགོས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཀྲུང་དབྱང་གི་མགོ་ཁྲིད་ཚོ་ཆུང་བཙུགས་ནས། ཁྲིམས་སྐྱོང་གི་ཀྲུང་གོ་འཛུགས་སྐྱོང་ལ་གཅིག་གྱུར་མགོ་ཁྲིད་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ཏང་རྩ་འཛུགས་རིམ་པ་ཁག་དང་ཏང་ཡོན་ཡོངས་ཀྱི་སྣེ་ཁྲིད་དེ་བཅའ་ཁྲིམས་ལ་བརྩི་འཇོག་དང་སློབ་སྦྱོང་ལ་བརྩི་སྲུང་བཅས་བེད་སྤྱོད་བྱེད་དགོས། རྩ་འཛུགས་དང་མི་སྒེར་སུ་གང་ལ་ཡང་རྩ་ཁྲིམས་དང་བཅའ་ཁྲིམས་ལས་འདས་པའི་དམིགས་བསལ་དབང་ཆ་ཡོད་མི་ཆོག ཁྲིམས་ཚབ་གཏམ་བྱེད་དང་། ཁྲིམས་མགོ་དབང་གནོན། ཁེ་གཉེར་ཁྲིམས་འགལ།  ཉེར་ཕྱོགས་ཁྲིམས་འགལ་བཅས་གཏན་ནས་བྱས་མི་ཆོག

སྒྲིག་གཞི་དང་སྲིད་འཛིན་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་བྱེད་དགོས། སྒྲིག་གཞི་སྣ་ཚོགས་འཛུགས་པར་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ནས། ཏང་སྲིད་སྡེ་ཁག་དང་ནང་ཁུལ་དུ་བཙུགས་པའི་སྒྲིག་གཞིའི་དབང་ཆ་ཚན་རིག་དང་མཐུན་པར་བགོ་སྒྲིག་བྱེད་པ་དང་། འགན་འཁྲི་ཁ་གསལ་བཟོ་དགོས། སྒྲིག་ཁོངས་ཀྱི་ཐོན་ཁུངས་སྣ་ཚོགས་གཅིག་གྱུར་གྱིས་བཀོལ་སྤྱོད་བྱས་ནས། དོ་དམ་གྱི་སྒྲིག་སྲོལ་ཚན་རིག་དང་མཐུན་ཞིང་འཚམ་པོ་ཆགས་པར་བྱེད་པ་དང་།  རྒྱལ་ཁབ་ཀྱི་སྒྲིག་གཞིའི་འཛུགས་ཁྲིམས་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས།  སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་གཏིང་ཟབ་བྱེད་པ། ལྟ་སྐུལ་དོ་དམ་བྱེད་སྟངས་གསར་སྐྲུན་བྱེད་པ།  སྲིད་གཞུང་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་དང་སྲིད་གཞུང་གི་ལག་བསྟར་བྱེད་ཤུགས་ཇེ་ཆེར་གཏོང་བ་བཅས་བྱས་ནས། མི་དམངས་ཀྱི་འདོད་བློ་ཚིམ་པའི་ཞབས་ཞུ་ཅན་གྱི་སྲིད་གཞུང་འཛུགས་སྐྱོང་བྱེད་དགོས། ཞིང་ཆེན་རིམ་པ་དང་དེའི་མན་གྱི་སྲིད་གཞུང་ལ་རང་བདག་དབང་ཆ་སྔར་བས་མང་པོ་སྤྲོད་དགོས།  ཞིང་ཆེན་དང་གྲོང་ཁྱེར་དང་རྫོང་བཅས་སུ་འགན་ནུས་འདྲ་མཚུངས་ཡིན་པའི་ཏང་སྲིད་ལས་ཁུངས་ཟླ་སྒྲིལ་གྱིས་འཛུགས་པའམ་ཡང་ན་མཉམ་བསྲེས་ཀྱིས་གཞུང་དོན་སྒྲུབ་སྟངས་འཚོལ་ཞིབ་བྱེད་དགོས། བྱ་ལས་སྡེ་ཚན་བཅོས་སྒྱུར་གཏིང་ཟབ་བྱེད་པ་དང་། སྤྱི་ཕན་གྱི་ངང་ཚུལ་ཇེ་ཆེར་གཏོང་བ།  སྲིད་གཞུང་དང་བྱ་ལས་སྡེ་ཚན་ལོགས་སུ་འབྱེད་པ་དང་། བྱ་ལས་སྡེ་ཚན་དང་ཁེ་ལས་སོ་སོར་འབྱེད་པ།  དོ་དམ་དང་ལས་གཉེར་ལོགས་སུ་འབྱེད་པ་བཅས་བྱེད་དགོས།

རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། འཐབ་ཕྱོགས་གཅིག་གྱུར་ནི་ཏང་གི་བྱ་གཞག་ལ་རྒྱལ་ཁ་ལེན་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན་པས།  ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས། རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་བརྗོད་བྱ་གཙོ་བོ་ཁོང་དུ་ཆུད་པར་བྱེད་པ་དང་།གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གཅིག་གྱུར་མཐའ་འཁྱོངས་བྱས་ཏེ། སྤྱི་མཐུན་གྱི་ཆ་ཆེ་ཤོས་རྙེད་པར་བྱེད་པ་དང་། ཐུན་མོང་གི་རེ་སྨོན་ཆེ་ཤོས་གཏོད་དགོས།།

2017ལོའི་དུས་དེབ་དྲུག་པ།