དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་དང་།སྤྱི་ཚོགས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་གསར་དུ་གཏོད་དགོས།

ཞིན་ཧྭ་གསར་འགྱུར་ཁང་གིས་པེ་ཅིན་ནས་ཟླ10ཚེས18ཉིན་བསྒྲགས་པའི་གསར་འགྱུར་ལྟར་ན། ཞི་ཅིན་ཕེན་གྱིས་ཚོགས་ཆེན་བཅུ་དགུ་བའི་སྙན་ཞུའི་ནང་བསྟན་དོན། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་གསར་དུ་གཏོད་དགོས།

ཞི་ཅིན་ཕེན་གྱིས་བསྟན་དོན། མི་སུ་ལ་ཞབས་འདེགས་ཞུ་རྒྱུ་ནི། སྲིད་ཏང་ཞིག་དང་སྲིད་དབང་ཞིག་གི་ངོ་བོར་ཞིབ་བཤེར་བྱེད་ཐབས་ཐིག་པོ་ཞིག་ཡིན། མི་དམངས་ཀྱི་ཁེ་ཕན་ངེས་པར་ཐོག་མཐའ་བར་གསུམ་བླ་ན་མེད་པའི་གནས་སུ་འཇོག་པ་དང་། བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་སྔར་ལས་དྲང་སྙོམས་ཀྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་ཐོགས་སུ་བཅུག་སྟེ། མི་དམངས་ཡོངས་ཕྱུག་པོར་འགྱུར་བའི་ཕྱོགས་སུ་རྒྱུན་མི་ཆད་པར་མདུན་དུ་སྐྱོད་དགོས།

ཁོང་གིས་གསུངས་དོན། མི་དམངས་ཀྱིས་སེམས་ཁུར་ཆེན་པོ་བྱེད་པ་དང་། ཆེས་ཐད་ཀར་དང་། ཆེས་དོན་དངོས་ཀྱི་ཁེ་ཕན་གནད་དོན་དམ་པོར་འཛིན་དགོས་པ་དང་། གང་ཐུབ་ཅི་ཐུབ་བྱེད་དགོས་ལ་འཁོས་དཔག་ལའང་བསྟུན་དགོས་ཤིང་། མི་རེ་ངོ་རེས་འགན་འཁྲི་བསྒྲུབས་ཤིང་། མི་རེ་ངོ་རེས་ལོངས་སུ་སྤྱོད་པ་མཐའ་འཁྱོངས་བྱེད་ཅིང་། གཞི་ཐིག་བརྟན་སྲུང་དང་། གཙོ་གནད་འབུར་ཐོན། ལམ་ལུགས་འཐུས་ཚང་། སྔོན་དཔག་ཁྲིད་སྟོན་བཅས་བྱས་ནས། སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་བྱེད་པ་དང་། མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་སྐོང་དགོས། སྤྱི་ཚོགས་ཀྱི་དྲང་སྙོམས་དྲང་བདེན་ལ་མུ་མཐུད་དུ་སྐུལ་སྤེལ་བཏང་སྟེ། ཕན་ནུས་ལྡན་པའི་སྤྱི་ཚོགས་བཅོས་སྐྱོང་དང་། སྤྱི་ཚོགས་ཀྱི་སྒྲིག་ལམ་བཟང་པོ་ཆགས་པར་བྱས་ནས། མི་དམངས་ལ་ཐོབ་སྣང་སྐྱིད་སྣང་བདེ་སྣང་གསུམ་ལྡན་པ་སྔར་ལས་ཆེ་རུ་འགྲོ་བ་དང་། སྔར་ལས་འགན་སྲུང་། སྔར་ལས་རྒྱུན་མཐུད་བཅས་ཡོང་བར་བྱེད་དགོས།

གཅིག་ནི་སློབ་གསོའི་བྱ་གཞག་དམིགས་སུ་བཀར་ནས་སྔོན་ལ་འཕེལ་རྒྱས་གཏོང་དགོས།  ཏང་གི་སློབ་གསོའི་ཐབས་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱོད་བཟང་དར་སྤེལ་དང་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་ཅིང་། བྱང་ཚད་སློབ་གསོ་འཕེལ་རྒྱས་གཏོང་བ་དང་། སློབ་གསོ་འདྲ་སྙོམས་ཡོང་བར་བྱས་ཏེ། སྤྱོད་ཤེས་ལུས་མཛེས་བཞི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་མཁན་དང་ཤུལ་འཛིན་པ་གསོ་སྐྱོང་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་གཞི་གཅིག་ཅན་དུ་འཕེལ་རྒྱས་ཡོང་བར་བྱས་ཏེ། གྲོང་གསེབ་ཀྱི་འོས་འགན་སློབ་གསོར་མཐོང་ཆེན་བྱེད་པ་དང་་། སློབ་ན་མ་སོན་གོང་གི་སློབ་གསོ་དང་། དམིགས་བསལ་སློབ་གསོ། དྲ་སྦྲེལ་སློབ་གསོ་བཅས་ལེགས་པོར་གཉེར་བ་དང་། མཐོ་འབྲིང་དུས་རིམ་གྱི་སློབ་གསོ་ཁྱབ་གདལ་བཏང་ཐོག བྱིས་པ་མི་རེ་ངོ་རེར་སྤུས་ཚད་ལེགས་པའི་སློབ་གསོ་འདྲ་མཉམ་ལོངས་སྤྱོད་གང་ཐུབ་བྱེད་དུ་འཇུག་དགོས། ལས་རིགས་སློབ་གསོ་དང་གསོ་སྦྱོང་མ་ལག་འཐུས་ཚང་དུ་གཏོང་དགོས་པ་དང་། ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་དང་སློབ་གྲྭ་དང་ཁེ་ལས་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས། སློབ་ཆེན་རྩེར་སོན་དང་རིག་ཚན་རྩེར་སོན་གང་མགྱོགས་ཀྱིས་འཛུགས་སྐྱོང་བྱས་ནས། མཐོ་རིམ་སློབ་གསོ་དོན་སྙིང་ལྡན་པར་འཕེལ་རྒྱས་ཡོང་བར་བྱེད་དགོས། སློབ་མའི་རོགས་དངུལ་ལམ་ལུགས་ཆ་ཚང་དུ་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གསར་ཐོན་ངལ་རྩོལ་ནུས་ཤུགས་མང་ཆེ་བས་མཐོ་འབྲིང་དུས་རིམ་གྱི་སློབ་གསོ་དང་ལེན་བྱེད་པ་དང་མཐོ་རིམ་སློབ་གསོ་སྔར་ལས་མང་པོ་མྱོང་དུ་འཇུག་དགོས། སྤྱི་ཚོགས་སྟོབས་ཤུགས་ཀྱིས་སློབ་གསོ་གཉེར་བར་རྒྱབ་སྐྱོར་དང་ཚད་ལྡན་བཟོ་དགོས། དགེ་རྒན་གྱི་ཀུན་སྤྱོད་དང་དར་སྲོལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། བྱང་ཚད་མཐོ་བའི་དགེ་རྒན་དཔུང་ཁག་གསོ་སྐྱོང་བྱེད་པ་དང་། སྤྱི་ཚོགས་ཡོངས་ཀྱིས་དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པ་དར་སྤེལ་གཏོང་དགོས། རྒྱུན་མཐུད་སློབ་གསོ་ལེགས་པོར་གཉེར་བ་དང་། སློབ་སྦྱོང་ཅན་གྱི་སྤྱི་ཚོགས་མགྱོགས་པོར་འཛུགས་སྐྱོང་བྱས་ནས་རྒྱལ་དམངས་ཀྱི་བྱང་ཚད་མཐོ་རུ་ཤུགས་ཆེན་གཏོང་དགོས།

གཉིས་ནི་ལས་ཞུགས་ཀྱི་སྤུས་ཚད་དང་མི་དམངས་ཀྱི་ཡོང་འབབ་ཆུ་ཚད་མཐོ་རུ་གཏོང་དགོས། ལས་ཞུགས་སྔོན་ལ་བྱེད་པའི་འཐབ་ཇུས་དང་ལས་ཞུགས་ཀྱི་སྲིད་ཇུས་དགེ་མཚན་ལྡན་པ་མཐའ་འཁྱོངས་བྱས་ནས།  སྤུས་ཚད་སྔར་ལས་མཐོ་ཞིང་ལས་ཞུགས་སྔར་ལས་མང་པོ་ཡོང་བར་བྱེད་དགོས། ལས་རིགས་ཀྱི་ནུས་རྩལ་གསོ་སྦྱོང་གཞི་རྒྱ་ཆེ་རུ་བཏང་སྟེ། གྲུབ་ཚུལ་རང་བཞིན་གྱི་ལས་ཞུགས་འགལ་བ་ཐག་གཅོད་པར་དོ་སྣང་བྱེད་པ་དང་། བྱ་གཞག་གསར་གཏོད་ཀྱིས་ལས་ཞུགས་སྐུལ་ཁྲིད་ཐད་བསྔགས་སྐུལ་བྱེད་དགོས། ཕྱོགས་ཡོངས་ནས་སྤྱི་པའི་ལས་ཞུགས་ཞབས་ཞུ་མཁོ་འདོན་བྱས་ནས། མཐོ་རིམ་སློབ་ཐོན་སློབ་མ་སོགས་ན་གཞོན་ཁྱུ་ཚོགས་ཞིང་པ་ལས་མིས་ཐབས་ལམ་མང་པོའི་ཐོག་ནས་ལས་ཞུགས་དང་ལས་སྒོ་གཏོད་པར་སྐུལ་འདེད་གཏོང་དགོས། ངལ་རྩོལ་ནུས་ཤུགས་དང་ཤེས་ལྡན་མི་སྣ་སྤྱི་ཚོགས་ཀྱི་ངང་ཚུལ་ལྡན་པར་འཁོར་སྐྱོད་བྱེད་པར་འགོག་རྐྱེན་བཟོ་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་སྐྱོན་ཆ་བསལ་ཏེ། མི་ཚང་མས་དཀའ་ཚེགས་ཆེ་བའི་ངལ་རྩོལ་བྱེད་པར་བརྟེན་ནས་རང་ངོས་འཕེལ་རྒྱས་གཏོང་བར་གོ་སྐབས་ལྡན་པར་བྱེད་དགོས། སྲིད་གཞུང་དང་། བཟོ་ཚོགས། ཁེ་ལས་བཅས་ཐུན་མོང་དུ་ཞུགས་པའི་གྲོས་མོལ་དང་མཐུན་སྦྱོར་བྱེད་པའི་སྒྲིག་སྲོལ་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ། འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་དགོས། རྩོལ་བསྟུན་ཐོབ་སྤྲོད་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་གནད་ཆེའི་རྒྱུ་རྐྱེན་ལ་བསྟུན་ནས་བགོ་བཤའ་རྒྱག་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་བཏང་ཐོག ཡོང་འབབ་བགོ་བཤའ་རྒྱག་ཚུལ་སྔར་ལས་ལུགས་མཐུན་དང་སྔར་ལས་གོ་རིམ་ལྡན་པར་བྱེད་དགོས། ལས་བརྩོན་ཁྲིམས་སྲུང་གིས་ཕྱུག་པོར་འགྱུར་བར་བསྔགས་སྐུལ་བྱེད་པ་དང་། ཡོང་འབབ་འབྲིང་ཙམ་གྱི་མི་ཚོགས་རྒྱ་བསྐྱེད་པ་དང་། ཡོང་འབབ་དམའ་བའི་ཡོང་འབབ་ཇེ་མང་དུ་གཏོང་བ། ཡོང་འབབ་མཐོ་དྲགས་པ་སྙོམས་སྒྲིག་བྱེད་པ།   ཁྲིམས་འགལ་གྱི་ཡོང་འབབ་གཏན་འགོག་བཅས་བྱེད་དགོས། དཔལ་འབྱོར་འཕར་སྣོན་ཡོང་བ་དང་མཉམ་དུ་གྲོང་མིའི་ཡོང་འབབ་དུས་གཅིག་ཏུ་འཕར་བ་དང་། ངལ་རྩོལ་ཐོན་སྐྱེད་ལས་ཕྱོད་ཆེ་རུ་གཏོང་བ་དང་མཉམ་དུ་ངལ་རྩོལ་གྱི་ཐོབ་ཆའང་དུས་གཅིག་ཏུ་མང་དུ་འགྲོ་བ་མཐའ་འཁྱོངས་བྱེད་དགོས། གྲོང་མིའི་ངལ་རྩོལ་ཡོང་འབབ་དང་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་ཀྱི་ཐབས་ལམ་རྒྱ་བསྐྱེད་དགོས། སྲིད་གཞུང་གིས་བགོ་བཤའ་བསྐྱར་མ་བརྒྱབ་ནས་སྙོམ་སྒྲིག་བྱེད་པའི་འགན་ནུས་ལག་བསྟར་ཡག་པོ་བྱས་ཏེ། གཞི་རྩའི་སྤྱི་པའི་ཞབས་ཞུ་དྲང་སྙོམས་ཅན་དུ་སྐུལ་སྤེལ་གང་མགྱོགས་གཏོང་བ་དང་ཡོང་འབབ་བགོ་བཤའི་ཧེ་བག་ཇེ་ཆུང་དུ་གཏོང་དགོས།

གསུམ་ནི་སྤྱི་ཚོགས་འགན་སྲུང་གི་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། དམངས་ཡོངས་ལ་ཁྱབ་ཅིང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད། དབང་ཆ་དང་འགན་འཁྲི་གསལ་བ། འགན་སྲུང་འཚམ་པོ། རྒྱུན་མཐུད་ཐུབ་པ་བཅས་ཀྱི་བང་རིམ་མང་བའི་སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་ཕྱོགས་ཡོངས་ནས་འཛུགས་ཐུབ་པར་བྱེད་དགོས། དམངས་ཡོངས་འགན་བཅོལ་ནང་ཞུགས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་མ་མཐའི་རྒན་གསོའི་འགན་བཅོལ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་རྒན་གསོའི་འགན་བཅོལ་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་བཏང་ནས། རྒན་གསོའི་འགན་བཅོལ་རྒྱལ་ཡོངས་སུ་གཅིག་གྱུར་གྱིས་གང་མྱུར་ངང་འཆར་འགོད་ཐུབ་པར་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཅིག་གྱུར་གྱི་མ་མཐའི་སྨན་བཅོས་འགན་བཅོལ་ལམ་ལུགས་དང་ནད་གཞི་ཆེ་རིགས་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ལས་ཤོར་དང་། ལས་རྨས་འགན་བཅོལ་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས།  རྒྱལ་ཡོངས་གཅིག་གྱུར་གྱི་སྤྱི་ཚོགས་འགན་བཅོལ་གྱི་སྤྱི་པའི་ཞབས་ཞུའི་སྟེགས་བུ་འཛུགས་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་རོགས་སྐྱོབ་མ་ལག་གཅིག་གྱུར་འཆར་འགོད་བྱེད་པ་དང་། འཚོ་བའི་འགན་སྲུང་དམའ་ཤོས་ཀྱི་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས། ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་བྱས་ནས། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས། སྤྱི་ཚོགས་རོགས་སྐྱོབ་བར་དང་། སྤྱི་ཚོགས་ཕན་བདེ། གཞན་ཕན་བྱ་གཞག ལྟ་སྐྱོང་བདེ་འགོད་ལ་སོགས་པའི་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་།  གྲོང་གསེབ་ཀྱི་གཞིས་སྲུང་བྱིས་པ་དང་། བུད་མེད། རྒན་རྒོན་བཅས་བྱམས་སྐྱོང་གི་ཞབས་ཞུའི་མ་ལག་ཆ་ཇེ་ཚང་དུ་གཏོང་དགོས། དབང་བོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་སུ་བཏང་སྟེ།  དབང་བོ་སྐྱོན་ཅན་པར་ཁམས་གསོའི་ཞབས་ཞུ་ཇེ་ཆེར་གཏོང་དགོས། ཁང་བ་ནི་སྡོད་ས་ཡིན་པ་ལས་སྦིར་འཚོང་བྱེད་བྱ་མིན་པ་མཐའ་འཁྱོངས་བྱེད་ཅིང་། བྱེད་པོ་མང་པོས་མཁོ་སྤྲོད་དང་། ཐབས་ལམ་མང་པོས་འགན་སྲུང་། བོགས་ཉོ་མཉམ་འཛིན་བཅས་ཀྱི་སྡོད་ཁང་ལམ་ལུགས་གང་མྱུར་གྱིས་བཙུགས་ཏེ། དམངས་ཡོངས་ལ་སྡོད་སའི་ཁང་པ་ཡོད་པར་བྱེད་དགོས།

བཞི་ནི་དབུལ་བྲལ་འགག་སྒྲོལ་གྱི་འཐབ་རྩོད་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། ཏང་ཡོངས་དང་རྒྱལ་ཡོངས། སྤྱི་ཚོགས་ཡོངས་བཅས་ཀྱི་སྟོབས་ཤུགས་ལ་སྐུལ་སློང་བྱས་ཏེ། དབུལ་སྐྱོར་གནད་ཁེལ་དང་དབུལ་བྲལ་གནད་ཁེལ་མཐའ་འཁྱོངས་བྱེད་པ་དང་།  ཀྲུང་དབྱང་གིས་གཅིག་གྱུར་འཆར་འགོད་དང་ཞིང་ཆེན་གྱིས་གཙོ་འགན་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་དམ་འཛིན་བཅས་བྱེད་པའི་ལས་ཀའི་ལམ་སྲོལ་མཐའ་འཁྱོངས་བྱེད་པ། ཏང་སྲིད་མགོ་ཁྲིད་གཙོ་བོས་སྤྱི་འགན་འཁུར་བའི་འགན་འཁྲིའི་ལམ་ལུགས་ཇེ་ཆེར་གཏོང་བ།  དབུལ་སྐྱོར་ཆེན་མོའི་གནས་སྟངས་མཐའ་འཁྱོངས་བྱེད་པ། དབུལ་སྐྱོར་དེ་བློ་སྐྱོར་རིག་སྐྱོར་དག་དང་ཟུང་འབྲེལ་བྱ་རྒྱུ་གལ་ཆེར་འཛིན་པ། ཤར་རྒྱུད་དང་ནུབ་རྒྱུད་དབུལ་སྐྱོར་མཉམ་ལས་ཇེ་ཟབ་ཏུ་སྤེལ་བ། ཧ་ཅང་དབུལ་ཞིང་ཕོངས་པའི་ས་ཁུལ་དུ་དབུལ་བྲལ་གྱི་ལས་འགན་གཙོ་གནད་དུ་འགག་སྒྲོལ་བཅས་བྱས་ཏེ། 2020ལོར་སླེབས་དུས་རང་རྒྱལ་གྱི་ད་ལྟའི་ཚད་གཞིའི་ཐོག་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་དབུལ་བྲལ་མངོན་འགྱུར་ཡོང་བའི་འགན་ལེན་བྱས་ཏེ། དབུལ་ཕོངས་རྫོང་ཡོངས་རྫོགས་ཀྱི་དབུལ་ཕོངས་ཞྭ་མོ་འཕུད་པ་དང་། ས་ཁོངས་རང་བཞིན་གྱི་དབུལ་ཕོངས་ཡོངས་རྫོགས་གཙང་སེལ་བྱས་ཏེ། དབུལ་བྲལ་ངོ་མ་དང་། དངོས་འབྲེལ་དབུལ་བྲལ་ཐུབ་པར་བྱེད་དགོས།

ལྔ་ནི་བདེ་ཐང་ཀྲུང་གོའི་འཐབ་ཇུས་ལག་ལེན་དུ་བསྟར་དགོས། རྒྱལ་དམངས་བདེ་ཐང་གི་སྲིད་ཇུས་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ། མི་དམངས་མང་ཚོགས་ལ་ཕྱོགས་གང་ཅི་དང་དུས་འཁོར་ཡོངས་ལ་བདེ་ཐང་གི་ཞབས་ཞུ་བསྒྲུབ་དགོས།  སྨན་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་ཇེ་ཟབ་ཏུ་སྤེལ་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མ་མཐའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་དང་།  སྨན་བཅོས་འགན་སྲུང་ལམ་ལུགས།  སྤུས་ལེགས་དང་ཕན་གོ་ཆོད་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་བཅས་ཕྱོགས་ཡོངས་ནས་འཛུགས་པ་དང་། དེང་རབས་ཀྱི་སྨན་ཁང་དོ་དམ་ལམ་ལུགས་ཆ་ཚང་དུ་གཏོང་དགོས། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་དང་མཁོ་ཆོད་སྨན་པའི་དཔུང་ཁག་འཛུགས་པར་ཤུགས་སྣོན་རྒྱག་དགོས། སྨན་ལ་བརྟེན་ནས་སྨན་ཁང་སྐྱོང་ཚུལ་ཁྱོན་ཡོངས་ནས་མེད་པར་བཟོ་བ་དང་། སྨན་རྫས་མཁོ་སྤྲོད་ཀྱི་འགན་ལེན་ལམ་ལུགས་ཆ་ཚང་བཟོ་དགོས། སྔོན་འགོག་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་། བདེ་ཐང་དང་ཡ་རབས་ཚུལ་ལྡན་གྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ། ནད་གཞི་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་བཅས་བྱེད་དགོས། ཟས་རིགས་ཉེན་མེད་ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ།   མི་དམངས་ཉེན་མེད་བློ་བདེའི་ངང་ནས་ཟས་རིགས་ལ་སྤྱོད་དུ་འཇུག་དགོས།  ཀྲུང་ལུགས་དང་ཕྱི་ལུགས་གསོ་དཔྱད་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་དང་། ཀྲུང་ལུགས་གསོ་རིག་གི་སྨན་བཅོས་དང་སྨན་རྫས་ལས་དོན་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་དགོས། སྤྱི་ཚོགས་ཀྱིས་སྨན་ཁང་འཛུགས་པར་རྒྱབ་སྐྱོར་བྱས་ནས། བདེ་ཐང་གི་ཐོན་ལས་འཕེལ་རྒྱས་གཏོང་དགོས། བུ་བཙའི་སྲིད་ཇུས་དང་དེ་འབྲེལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྲིད་ཇུས་ཆ་འགྲིག་སྦྲེལ་མཐུད་ཡོང་བར་བྱས་ཏེ།  མི་འབོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་དགོས། མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཁ་གཏད་གང་ལེགས་འཇལ་བ་དང་། རྒན་གསོ་དང་། རྒན་བརྩི།  རྒན་བཀུར་བཅས་ཀྱི་སྲིད་ཇུས་མ་ལག་དང་སྤྱི་ཚོགས་ཀྱི་ཁོར་ཡུག་བསྐྲུན་པ།  སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་ཡོང་བ། རྒན་རྒོན་གྱི་ལས་དོན་དང་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་བྱེད་དགོས།

དྲུག་ནི་མཉམ་སྐྲུན་མཉམ་བཅོས་མཉམ་རོལ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་གནས་སྟངས་བསྐྲུན་དགོས། སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཛུགས་ཤུགས་ཆེ་རུ་གཏོང་བ་དང་། ཏང་ཨུ་ཡིས་མགོ་ཁྲིད་དང་། སྲིད་གཞུང་གིས་འགན་འཁུར། སྤྱི་ཚོགས་ཀྱིས་མཉམ་སྒྲུབ། མང་ཚོགས་ཐེ་ཞུགས། ཁྲིམས་སྐྱོང་གིས་འགན་སྲུང་བཅས་བྱེད་པའི་སྤྱི་ཚོགས་བཅོས་སྐྱོང་གི་སྒྲིག་སྲོལ་འཐུས་སྒོ་ཇེ་ཚང་དུ་བཏང་ནས། སྤྱི་ཚོགས་བཅོས་སྐྱོང་ཅན་དང་། ཁྲིམས་སྐྱོང་ཅན། རིག་ནུས་ཅན། ཆེད་ལས་ཅན་བཅས་སུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས།  སྤྱི་ཚོགས་ཀྱི་འགལ་བ་སྔོན་འགོག་དང་སེལ་བའི་ལམ་སྲོལ་འཛུགས་པར་ཤུགས་སྣོན་རྒྱག་པ་དང་། མི་དམངས་ནང་ཁུལ་གྱི་འགལ་བ་ཐག་གཅོད་ཡང་དག་པར་བྱེད་དགོས། སྤྱི་པའི་བདེ་འཇགས་མ་ལག་ཆ་ཚང་དུ་གཏོང་བ། བདེ་འཇགས་ངང་ནས་ཐོན་སྐྱེད་བྱེད་པའི་འགན་འཁྲིའི་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་གཏོང་བ། བདེ་འཇགས་ཀྱི་དོན་རྐྱེན་ཆེན་པོ་དང་ཚབས་ཆེན་གྲས་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། གནོད་འགོག་གེགས་སེལ་རྒུད་སྐྱོབ་ཀྱི་ནུས་པ་ཇེ་ཆེར་གཏོང་བ་བཅས་བྱེད་དགོས། སྤྱི་ཚོགས་བདེ་སྐྱོང་ཉེན་ཟོན་གྱི་སྔོན་འགོག་ཚོད་འཛིན་མ་ལག་གང་མགྱོགས་ཀྱིས་འཛུགས་པ་དང་། ཆགས་སྲེད་དང་རྒྱན་འཛུགས། དུག་རྫས། ནག་ཚོགས། བསླུ་བྲིད། མགོ་སྐོར་སོགས་ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོར་ཁྲིམས་ལྟར་རྡུང་རྡེག་དང་ཉེས་ཆད་བཅད་དེ། མི་དམངས་ཀྱི་མི་ལུས་དབང་ཆ་དང་། རྒྱུ་ནོར་དབང་ཆ། མི་གཤིས་དབང་ཆ་བཅས་ལ་སྲུང་སྐྱོང་བྱེད་དགོས། སྤྱི་ཚོགས་ཀྱི་སེམས་ཁམས་ཞབས་ཞུའི་མ་ལག་འཛུགས་ཤུགས་ཆེ་རུ་གཏོང་བ་དང་། རང་བརྩི་རང་བཀུར་དང་།  ཚུལ་མཐུན་ཞི་ལྷོད། ཧུར་བརྩོན་ཡར་བསྐྱེད་བཅས་སྤྱི་ཚོགས་ཀྱི་བསམ་འཁྱེར་སྐྱེད་སྲིང་བྱེད་དགོས། སྡེ་ཁུལ་བཅོས་སྐྱོང་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་གི་ལྟེ་བ་གཞི་རིམ་དུ་སྤོ་སྒྱུར་ཡོང་བར་བྱེད་པ་དང་། སྤྱི་ཚོགས་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། སྲིད་གཞུང་གིས་བཅོས་སྐྱོང་དང་སྤྱི་ཚོགས་ཀྱིས་སྙོམ་སྒྲིག གྲོང་མིས་རང་སྐྱོང་བཅས་བྱེད་པའི་མཉམ་འགུལ་བཟང་པོར་འགྱུར་བར་བྱེད་དགོས།

བདུན་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ཕན་འབྲས་ཐོན་པར་བྱེད་དགོས།  རྒྱལ་ཁབ་བདེ་འཇགས་ཀྱི་འཐབ་ཇུས་དང་རྒྱལ་ཁབ་བདེ་འཇགས་ཀྱི་སྲིད་ཇུས་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། བདེ་འཇགས་ཀྱི་ལས་དོན་ཁག་གཅིག་གྱུར་གྱིས་བསྒྲུབ་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་ཆ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་སྐྱོང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། བདེ་འཇགས་ཐད་ཀྱི་ཉེན་ཁར་བག་ཟོན་དང་བཀག་འགོག་བྱེད་པའི་ནུས་པ་ཇེ་ཆེར་གཏོང་དགོས། སིམ་འཛུལ་དང་མགོ་རྟིང་སློག་པ། གཏོར་བརླག་གཏོང་བ་བཅས་ཀྱི་བྱ་སྤྱོད་དང་། དྲག་ཤུགས་འཇིགས་སྐུལ་གྱི་བྱ་སྤྱོད། མི་རིགས་ཁ་བྲལ་གྱི་བྱ་སྤྱོད། ཆོས་ལུགས་ཐལ་དྲགས་ཀྱི་བྱ་སྤྱོད་བཅས་ལ་བག་ཟོན་ནན་པོ་བྱེད་པ་དང་རྡུང་རྡེག་དྲག་པོ་གཏོང་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་།  ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱལ་ཁབ་བདེ་འཇགས་ཡོང་བར་བྱེད་པའི་འདུ་ཤེས་ཆེ་རུ་བཏང་སྟེ། སྤྱི་ཚོགས་ཡོངས་སུ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་གོང་བུར་འགྲིལ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས།

ཞི་ཅིན་ཕེན་གྱིས་ནན་གྱིས་གསུངས་དོན།  རྒྱ་ཆེའི་མི་དམངས་མང་ཤོས་ཀྱི་རྩ་བའི་ཁེ་ཕན་ནི་ངེས་པར་དུ་ཏང་གི་ལས་དོན་ཡོད་ཚད་ཀྱི་ཚད་གཞི་མཐོ་ཤོས་སུ་འཇོག་དགོས།  ང་ཚོས་མི་དམངས་མང་ཚོགས་ཀྱི་དོན་ཆུང་རྣམས་རང་ཉིད་ཀྱི་དོན་ཆེན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས།  མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དོན་དག་ནས་མགོ་རྩོམ་པ་དང་། མི་དམངས་མང་ཚོགས་ཀྱི་འདོད་བློ་ཚིམ་པར་བྱེད་པའི་དོན་དག་ནས་མགོ་བརྩམས་ཏེ།  མི་དམངས་ཀྱི་སྣེ་ཁྲིད་དེ་བདེ་སྐྱིད་ལྡན་པའི་འཚོ་བ་རྒྱུན་ཆད་མེད་པར་བསྐྲུན་དགོས།།