གཞོང་ཐང་རྫོང་གི་དབང་པོ་སྐྱོན་ཅན་གྱི་བདེ་སྐྱིད་འཚོ་བའི་སྟོན་གྲངས་ཇེ་མཐོར་ཕྱིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་བའི་ལོ་ཤས་རིང་། གཞོང་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གིས་དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་མ་ལག་དང་ཞབས་ཞུ་མ་ལག་འཛུགས་སྐྲུན་ལ་ཤུགས་བརྒྱབ་ཏེ།  དབང་པོ་སྐྱོན་ཅན་གྱི་ཞབས་ཞུ་ཆུ་ཚད་ཇེ་མཐོར་དང་། དབང་པོ་སྐྱོན་ཅན་གྱི་དམངས་འཚོའི་གནས་སྟངས་ཇེ་ལེགས་སུ་བཏང་བས། རྫོང་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ལས་དོན་ལ་གྲུབ་འབྲས་གཟེངས་ཐོན་གྱི་ཁྱད་ཆོས་ཤིག་མངོན།

ཉེ་བའི་ལོ་ལྔའི་རིང་དུ། རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀླད་པའི་དབང་རྩར་སྐྱོན་ཤོར་བའི་བྱིས་པ150ལ་མྱུར་སྐྱོབ་རང་བཞིན་གྱི་ལུས་གསོ་ལག་བསྟར་བྱས་པ་དང་། སྨྱོ་ནད་ཅན་གྱི་ནད་པ་50ལ་རིན་མེད་དགོས་སྨན་བཅོས་བྱས་ཤིང་། ལོང་བ175ཡི་འགྲོ་སྐྱོད་ཁ་ཕྱོགས་ལ་གཏན་འཁེལ་གྱིས་བདེ་ཐང་སླར་གསོ་ཐད་སྦྱོང་བརྡར་བྱས་པ་དང་། ལིང་ཏོག་ནད་པ850ལ་བསྐྱར་མཐོང་གཤགས་བཅོས་བྱས། རྐང་ལག་སྐྱོན་ཅན་ལ་རིན་མེད་སྒོས་རྐང་ལག་རྫུན་མ150སྒྲིག་སྦྱོར་བྱས་པ་དང་། རྐུབ་སྟེགས་འཁོར་ལོ་དང་ལག་རྟེན་སོགས་རོགས་འདེགས་ཡོ་བྱད་6580གནང་།  དབང་པོ་སྐྱོན་ཅན་གྱི་དབུལ་པོའི་ཁྱིམ་ཚང་166ལ་གེགས་ཆ་མེད་པའི་སྒྱུར་བཀོད་ལག་བསྟར་བྱས་པ་བཅས་རྫོང་དེའི་དབང་པོ་སྐྱོན་ཅན་རྣམས་ཀྱིས་རྒྱལ་ཁབ་ཀྱི་དབང་པོ་སྐྱོན་ཅན་གྱི་ལུས་གསོ་ལ་རོགས་རམ་བྱེད་པའི་སྲིད་ཇུས་ལོངས་སྤྱོད་ཐུབ་ཡོད་པ་དང་། སྒོར་ཁྲི900ལྷག་ཙམ་གྱི་ཕན་པ་ཐོབ་པ་རེད།

འཚོ་བའི་འགན་སྲུང་ཐད་ནས་རྫོང་ཡོངས་ཀྱི་དུད་ཚང་3680དང་དབང་པོ་སྐྱོན་ཅན4304་གནད་འཕིགས་དབུལ་སྐྱོར་གྱི་ཡིག་ཚགས་ནང་བཞག་པ་དང་། གྲོང་གསེབ་དབང་པོ་སྐྱོན་ཅན་གྱི་གཞི་རྩའི་འཚོ་བ་འགན་ལེན་བྱས་པ་ཤིང་། ཉི་འོད་ཁྱིམ་གཞིས་འཆར་གཞི་ལག་ལེན་བསྟར་ཏེ་མི9124ལ་ཁ་གསབ་རོགས་དངུལ་སྒོར་ཁྲི454.95གནང་བ་རེད།  དུས་མཚུངས་སུ།  དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་འཚོ་བའི་ཁ་གསབ་དང་ལྟ་རྟོག་ཁ་གསབ་སྒོར་ཁྲི7600གནང་བ་དང་། དབང་པོ་སྐྱོན་ཅན་གྱི་འབར་སྣུབ་ཁ་གསབ་སྒོར་ཁྲི17.23གནང་བ་རེད།  སྤྱི་ཚོགས་རོགས་སྐྱོབ་ཐད་ནས་ཉེ་བའི་ལོ་ལྔའི་རིང་དུ། དབང་པོ་སྐྱོན་ཅན་གྱི་དུད་ཚང667གྱི་ཁང་པ་བསྒྱུར་བཀོད་བྱས་པ་དང་། དུས་ཆེན་ལ་དམིགས་ནས་དབང་པོ་སྐྱོན་ཅན་གྱི་དུད་ཚང་དུ་རིམ་རྩིས་བྱས་ན་དུད་ཚང746ལ་འཚམས་འདྲི་བྱས་ཤིང་། འཚམས་འདྲིའི་དངུལ་སྒོར་ཁྲི་35.17གནང་ནས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་བསྐྱལ།

དབང་པོ་སྐྱོན་ཅན་གྱི་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏང་ཆེད་དུ།  མ་འཇོག་སྒོར་ཁྲི2500དང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་8000ཡོད་པའི་གཞོང་ཐང་རྫོང་གི་དབང་པོ་སྐྱོན་ཅན་གྱི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་རྣམ་གྲངས་སྐྲུན་འགོ་ཚུགས་པ་དང་། མ་འཇོག་སྒོར་ཁྲི160ཡིན་པའི་སྡེ་ཁུལ4་ཡི་དབང་པོ་སྐྱོན་ཅན་གྱི་ཁྱིམ་གཞི་ཞེས་པའི་རྣམ་གྲངས་བསྐྲུན་ཟིན་པ་མ་ཟད་འཁོར་སྐྱོད་བྱེད་འགོ་ཚུགས་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།