རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་བུ་བཅོལ་སློབ་གསོར་ཁྲིམས་འཛུགས་པར་སྐུལ་འདེད་བྱེད་སྒང་ཡིན་པ།

ཟླ༡༢པའི་ཚེས༢༧ཉིན་ལ་ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན།  བུ་བཅོལ་སློབ་གསོ་ནི་རང་རྒྱལ་གྱི་སློབ་གསོའི་མ་ལག་ཁྲོད་ཅུང་ཉམས་ཞན་པའི་ཆ་ཞིག་ཡིན་པས་གོང་འཕེལ་དོ་མི་མཉམ་པ་དང་། ཚད་ལྡན་དགེ་རྒན་ཉུང་བ། དོ་དམ་ལམ་ལུགས་འཐུས་མི་ཚང་ལ་སོགས་པའི་གནད་དོན་ཡོད་པ་རེད།  ཚེས༢༧ཉིན་ལ་འཚོགས་མཇུག་སྒྲིལ་བའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་སོ་གཅིག་པའི་ཐོག  རང་རྒྱལ་གྱིས་བུ་བཅོལ་སློབ་གསོའི་ཁྲིམས་འཛུགས་འཕེལ་རིམ་མགྱོགས་པོར་སྐུལ་འདེད་དང་། བུ་བཅོལ་སློབ་གསོ་ལུགས་དང་མཐུན་ལ་གོ་རིམ་དང་ལྡན་པའི་སྒོ་ནས་གོང་དུ་སྤེལ་བར་སྐུལ་སྤེལ་བྱེད་མུས་སུ་ཡོད་པའི་གནས་ཚུལ་ཞིག་ཤེས་རྟོགས་བྱུང་།

ཚེས༢༧ཉིན་ལ་ཚོགས་འདུའི་ཐོག   རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སློབ་གསོ་དང་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ལྷན་གྱིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་ཀྲུའུ་ཞི་ཚོགས་པའི་གོང་ཞུ་གྲོས་ཞིབ་མཛད་མཁན་གྱི་འཐུས་མི་རྣམས་ཀྱིས་གྲོས་གཞིར་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་ལ་གྲོས་འཆམ་བྱུང་། གྲོས་ཞིབ་མཇུག་འབྲས་ནང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་བཏོན་པའི་གྲོས་གཞི༦༦ཁྲོད་ཀྱི་མང་ཤོས་བུ་བཅོལ་སློབ་གསོ་དང་། ལས་རིགས་སློབ་གསོ། ཁྱིམ་ཚང་གི་སློབ་གསོ། མཐོ་རིམ་སློབ་གྲྭའི་སློབ་བསྡུ། རྒྱུགས་ལེན་བཅའ་ཁྲིམས་སོགས་སློབ་གསོའི་ཕྱོགས་ཁྱབ་ཆེ་བས།  རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སློབ་གསོ་དང་ཚན་རིག རིག་གནས། འཕྲོད་བསྟེན་ཨུ་ལྷན་གྱིས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་འཛུགས་འཆར་འགོད་དམ་ལོ་འཁོར་གྱི་ཁྲིམས་འཛུགས་འཆར་འགོད་གྲས་སུ་འཇོག་དགོས་པའི་བསམ་འཆར་བཏོན་པ་མ་ཟད། འབྲེལ་ཡོད་སྡེ་ཚན་གྱིས་ཞིབ་འཇུག་དང་སྒྲུབ་བྱེད་ཀྱི་ཁོངས་དྲངས་ནས་བརྟག་ཞིབ་འཆར་ཟིན་འགོད་པའི་ལས་ཀ་མགྱོགས་པོར་བསྒྲུབ་དགོས་པ་དང་། ཆ་རྐྱེན་འདང་ངེས་ལ་སླེབས་དུས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་ལ་གྲོས་སྡུར་དཔྱད་ཞིབ་བྱེད་དུ་འཇུག་པའམ་ཡང་ན་ཁྲིམས་བསྟར་ལྟ་སྐུལ་བརྒྱུད་ནས་འབྲེལ་ཡོད་སྲིད་ཇུས་སམ་ཁྲིམས་སྲོལ་སོགས་གཏན་ལ་ཕབ་ནས་གྲོས་གཞི་ནང་བཏོན་པའི་གནད་དོན་དག་ཐག་གཅོད་བྱེད་དགོས་པའི་བསམ་འཆར་ཡང་བཏོན།   

 དེ་བཞིན་དུ་ཁྱིམ་ཚང་སློབ་གསོའི་བཅའ་ཁྲིམས་ཀྱི་གྲོས་གཞི་སྐོར་ནས་ཀྱང་སློབ་གསོ་དང་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ལྷན་གྱིས་འཐུས་མི་རྣམས་ཀྱིས་བཏོན་པའི་ཁྲིམས་འཛུགས་ལག་བསྟར་དང་དགོས་ངེས་རང་བཞིན། ཁྲིམས་འཛུགས་བསམ་འཆར་བཅས་ལ་ཞིབ་འཇུག་ནན་ཏན་བྱས་ནས་ཁྲིམས་འཛུགས་བརྟག་ཞིབ་དང་སྒྲུབ་བྱེད་ཁོངས་འདེད་ཀྱི་སྔོན་འགྲོའི་ལས་ཀར་ཟབ་ཞུགས་ཀྱིས་དུས་བབ་དང་བསྟུན་ནས་ཁྱིམ་ཚང་སློབ་གསོའི་ཁྲིམས་འཛུགས་འཕེལ་རིམ་ལ་སྐུལ་འདེད་གཏང་དགོས་པའི་བསམ་འཆར་དང་།  ལས་རིགས་སློབ་གསོའི་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་དགོས་སྐོར་གྱི་གྲོས་གཞི་ཆ་ལ་སློབ་གསོ་དང་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཚན་བར་རྒྱུན་པར་འབྲེལ་འདྲིས་བྱས་ཏེ། ལས་རིགས་སློབ་གསོ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་བཟོས་ཏེ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་ལ་གྲོས་ཞིབ་བྱེད་དུ་འཇུག་དགོས་པའི་བསམ་འཆར་བཅས་བཏོན་ཡོད་པ་རེད། 

ལོ་ཙཱ་བ། ཁོན་ཐར་འཚོ།