ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དེ་སང་ལོའི་སྤྱི་ཟླ་དང་པོར་པེ་ཅིན་ནས་བསྡུ་རྒྱུ་ཡིན་པ།

ཟླ༡༢པའི་ཚེས༢༧ཉིན་ལ་ཤིན་ཧྭ་གསར་འགྱུར་ཁང་གིས་པེ་ཅིང་ནས་བསྒྲགས་པའི་གནས་ཚུལ།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཉིན་དེར་གྲོས་ཚོགས་བསྡུས་ཏེ། ས་ལོའི་སྤྱི་ཟླ་དང་པོའི་ནང་དུ་པེ་ཅིན་ནས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་སྐོང་འཚོགས་བྱེད་རྒྱུ་ཐག་བཅད་པ་དང་། གྲོས་རིམ་གཙོ་བོ་ནི་རྩ་ཁྲིམས་བཟོ་བཅོས་ཐད་ཀྱི་བསམ་འཆར་ཁག་ལ་གྲོས་ཞིབ་བྱེད་རྒྱུ་དེ་ཡིན།

གྲོས་ཚོགས་ཐོག་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ལས་ཀའི་སྙན་ཞུ་ལ་ཉན་པ་དང་། ༢༠༡༨ལོའི་ཏང་སྲིད་གཙང་སྐྱོང་དར་སྤེལ་དང་རུལ་རྒོལ་ལས་ཀ་ཁག་ལ་ཞིབ་འཇུག་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་།

གྲོས་ཚོགས་ཐོག   ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་བར་བསྐྱོད་པས་ང་ཚོ་ཏང་ལ་རྣམ་པ་གསར་བ་དང་བྱས་རྗེས་གསར་བ་ངེས་པར་དུ་ཡོད་དགོས།  ཁྱོན་ཡོངས་ནས་ཏང་ནན་སྐྱོང་དུས་ཡུན་རིང་བོར་རྒྱུན་འཁྱོངས་དང་རུལ་རྒོལ་འཐབ་རྩོད་ཕུ་ཐག་ཆོད་པ་ཞིག་བྱེད་དགོས་པ་ལས་ལྷོད་གཡེང་དང་མཐའ་མ་འཁྱོལ་བའི་གནད་དོན་གཏན་ནས་འབྱུང་མི་རུང་།  ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་སློབ་སྟོན་དུ་ཟུང་སྟེ།  ཁྱོན་ཡོངས་ནས་ཏང་ནན་སྐྱོང་གི་ཆབ་སྲིད་འགན་འཁྲི་ངེས་དོན་ཁག་འགན་དུ་བླངས་ནས་ལྟ་སྐུལ་ནན་མོ་དང་ཁྲིམས་བསྟར་གཟབ་ནན། འགན་འདེད་ཏན་ཏིག་བཅས་ཀྱི་ལམ་ནས་ཏང་གི་སྒྲིག་སྲོལ་དང་ཏང་ནང་ཁུལ་གྱི་སྒྲིག་ཁྲིམས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་དང་། ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་ལེན་མཐའ་འཁྱོལ་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་ནན་མོ་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རྩ་བ་ཚུགས་ཤིང་ཡལ་ག་རྒྱས་པར་སྐུལ་སྤེལ་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ཐོག་ཏུ།  ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་ལེན་མཐའ་ཁྱོལ་བྱེད་པ་དེ་ལས་ཀུན་གྱི་གཙིགས་དང་།དུས་རབས་གསར་བའི་ཏང་གི་འཐུས་མི་འཛུགས་སྐྱོང་གི་སྤྱིའི་བླང་བྱ་སྙིང་བོར་བཟུང་སྟེ། ཏང་གི་ཆབ་སྲིད་འཛུགས་སྐྱོང་ཁྲིད་སྟོན་ལ་བརྟེན་ནས་བསམ་བློའི་ཐོག་ཏང་འཛུགས་སྐྱོང་དང་། སྒྲིག་ཁྲིམས་ཐོག་ཏང་གི་སྟོབས་ཇེ་དྲག   ལམ་ལུགས་ཐོག་ཏང་བཅོས་སྐྱོང་བྱེད་པའི་ཕྱོགས་སུ་ཤུགས་བརྒྱབ་ནས་ཁྱོན་ཡོངས་ནས་ཏང་ནན་སྐྱོང་གི་མ་ལག་རང་བཞིན་དང་། གསར་གཏོད་རང་བཞིན། ཕན་འབྲས་རིང་བཞིན་ཇེ་དྲག་ཏུ་གཏང་དགོས་པ་དང་།ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་ལམ་སྲོལ་གསལ་ལ་གཟབ་ནན་བྱས་ཏེ། ཡོད་པ་བདུན་གཞིར་བཟུང་ནས་ཏང་ལ་བློ་མི་བཀུར་བ་དང་། ཕྱི་མཐུན་ལྐོག་འགལ་གྱི་མི་ངོ་གཉིས་ཅན།   ཏང་གི་ཆབ་སྲིད་ལམ་ཕྱོགས་དང་རྒྱབ་འགལ་དུ་གྱུར་བ། ཏང་ནང་གི་ཆབ་སྲིད་འབྱུང་ཁམས་ལ་བརླག་བཟོ་བ་བཅས་ཀྱི་གནད་དོན་རྩད་ཞིབ་ནན་གཅོད་བྱས་ནས་ཏང་ཀྲུང་དབྱང་གི་སྲིད་བཀའ་ཤར་མར་ཡོང་བར་ཁག་ཐེག་བྱེད་དགོས།  བློ་རྩ་བརྟན་པོ་དང་གོང་དཔེ་འོག་སྟོན་གྱིས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལག་ལེན་འཁྱོལ་ལ་སྙིང་རུས་བསྐྱེད་དེ། དུས་མཚམས་རེ་རེར་བརྟན་སྲུང་དང་། གནད་དོན་རེ་རེ་ཐག་གཅོད་བྱས་ནས་བྱེ་བྲག་གི་དོན་དག་དང་ལས་ཀའི་མི་འདང་ས། བསྐྱར་ལོག་སྔོན་འགོག་བཅས་ལ་དམ་འཛིན་དང་།  རྣམ་པ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་གཙོར་བཟུང་ནས་ཡོ་བསྲང་ལེགས་བཅོས་བྱས་ནས་དབང་ཁྱད་པར་ལྡན་པའི་བསམ་བློ་དང་རྣམ་པ་འཛིན་མཁན་གྱི་རིགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་ཏང་ཡོན་ལས་བྱེད་པར་གུས་ཞུམ་ཡོད་པ་དང་མི་དམངས་མང་ཚོགས་ལ་ཡིད་ཆེས་ཡོད་པ་ཞིག་ཡོང་དགོས།  རུལ་རྒོལ་འཐབ་རྩོད་ཀྱི་དྲག་གནོན་སྤྱོད་སྟངས་ཇེ་བརྟན་དང་། སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་བསྣན། སྒོ་ཀུན་ནས་རྒྱལ་ཡོངས་ཀྱི་ལྟ་ཞིབ་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་བཅས་བྱས་ནས་མང་ཚོགས་ཀྱི་གམ་དུ་བྱུང་དང་འབྱུང་བཞིན་པའི་རུལ་སུངས་ཀྱི་བྱེད་སྤྱོད་ལ་དག་ཐེར་ཚ་ནན་བྱེད་དགོས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་བ་ཚོགས་ཚུན་དུ་ད་དུང་རུལ་སུངས་ཀྱི་ངོ་མི་སྲུང་ཞིང་ལག་མི་བསྐུམས་པ། གནད་དོན་མང་བ། མང་ཚོགས་ཀྱི་བསམ་ཚུལ་ཆེ་བ་རིགས་དང་། ལས་རྐང་གི་འགོ་ཁྲིད་གཙོ་བོ་དང་དང་། གོ་གནས་བསྐོ་འཐེན་བྱེད་སྲིད་པའི་འགོ་ཁྲིད་ལས་བྱེད་བཅས་གཙོ་གནད་དུ་བཟུང་སྟེ་རྩད་ཞིབ་ནན་མོ་བྱས་ཏེ།  ཆབ་སྲིད་ཀྱི་གནད་དོན་དང་རུལ་སུངས་ཀྱི་གནད་དོན་ཁེ་ཕན་གྱི་དབང་གིས་ཁྱོད་བཟང་ང་ཕན་གྱི་འབྲེལ་བཙུགས་ནས་མི་སྒེར་གྱི་སྟོབས་ཤུགས་སྐྱེད་སྲིང་བྱས་ནས་ཁེ་ཕན་གྱི་སྡེ་ཤོག་འཛུགས་པའི་བྱེད་སྤྱོད་དག་ལ་ཐག་གཅོད་ནན་མོ་བྱེད་དགོས། རིམ་པ་ཁག་གི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རང་འགན་འཁུར་དུ་འཁྱེར་ནས་རང་ཉིད་ལ་ལྟ་རྟོག་དང་རང་ཉིད་ལ་གཅུན་སྡོམ་ཡག་པོ་བྱས་ནས་བློ་བཀུར་གཞུང་དྲང་། ཁག་ཁུར་ཅན་གྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་བྱེད་དཔུང་སྡེ་འཛུགས་སྐྱོང་བྱེད་དགོས་ཞེས་བསྟན།

དེ་སྔོན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བའི་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐོག  ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ལས་ཀ་གཙོ་ཆེ་བསྒྲུབ་པའི་གནས་ཚུལ་དང་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟ་གོན་གྱི་གནས་ཚུལ་སྙན་སེང་ལ་ཉན་པ་མ་ཟད། སང་ལོའི་སྤྱི་ཟླ་དང་པོའི་ཚེས༡༡ཉིན་ནས་ཚེས༡༣ཉིན་བར་དུ་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་སྐོང་འཚོགས་བྱེད་རྒྱུ་ཐག་བཅད། གྲོས་ཚོགས་ཐོག་ལས་དོན་ཁག་གཞན་དག་ལ་ཡང་ཞིབ་འཇུག་བྱས་ཡོད་པ་རེད།

ལོ་ཙཱ་བ། ཁོན་ཐར་འཚོ།